༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །འདི་གར་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་༢༣ ཉིན་ཁམས་བྲག་མགོའི་རྫོང་ཐོག་ཏུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་ལོ་གཉིས་དང་། ཕྱི་ལོ་ ༢༠༡༤ ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར་རྒྱ་གཞུང་གིས་བསྐྱར་དུ་ཁམས་བྲག་མགོར་དམ་བསྒྲགས་དང་དྲག་ཤོམ་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ནས་བཟུང་རྒྱ་གཞུང་གིས་ཁམས་བྲག་མགོའི་རྫོང་ཐོག་ཏུ་དམག་མིའི་རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོ་མང་པོ་འགྲེམས་འཇོག་གིས། ཉིན་མཚན་མེད་པར་རྫོང་གི་སྲང་ལམ་ཁག་ནས་དམག་མི་ཚོས་རུ་སྒྲིག་བྱས་ཏེ་དམག་སྦྱོང་དང་། དྲག་ཤོམ་སོགས་བྱས་ཏེ་དྲག་གནོན་གྱི་རྣམ་པ་ཤུགས་ཆེན་སྟོན་བཞིན་ཡོད་འདུག དེ་བཞིན་སྲང་ལམ་ཁག་ནས་བོད་མི་ཚོའི་ཐོབ་ཐང་ལག་ཁྱེར་སྔོག་བཤེར་བྱེད་མུས་ཡིན་པ་མ་ཟད། ཟ་ཁང་དང་ཇ་ཁང་སོགས་སུ་མི་མང་པོ་མཉམ་དུ་ཡོད་པ་མཐོང་ཚེ་སྐད་ཆ་བཤད་མི་ཆོག་པ་སོགས་ཀྱི་བཙན་བཀའ་བཏང་སྟེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོ་རྫོང་ཐོག་ཏུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། སྐབས་དེར་རྒྱ་གཞུང་གིས་བོད་མི་ཚོར་གང་བྱུང་མེ་མདའ་བརྒྱབ་སྟེ་ཁག་གཅིག་དམར་གསོད་བཏང་བ་མ་ཟད། ཁུལ་དེའི་ས་གནས་བོད་མི་མང་པོ་ཞིག་སྔ་རྗེས་སུ་འཛིན་བཟུང་བྱས་ཏེ་དུས་བཀག་འདྲ་མིན་གྱི་ཁྲིམས་ཐག་ཀྱང་བཅད་ཡོད་པ་རེད།།