༢༠༡༤ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུའི་Tamil Nadu གྲོང་ཁྱེར་ཆེ་ཤོས་གཉིས་པར་གྲགས་པ་ཀོ་ཡེམ་བྷ་ཏུར་ Coimbatore ནང་རྟེན་གཞི་བྱས་པའི་རྒྱ་གར་སྭམི་ཝི་ཝེ་ཀ་ནནྡའི་ Swami Vivekananda བསྟི་གནས་ཁང་ཨ་རུ་པོ་ཀོ་ཊའི་ Aruppukottai ནང་ཧིན་དུའི་བླ་མ་མོ་ན་སཱ་དུ་སྭ་མི་སཏྱ་ནནྡ་མ་ཧཱ་རཱཇ་ནས་ Mounasadhu Swami Satyanand Maharaj ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་སྭམི་ཝི་ཝེ་ཀ་ནནྡཱ་སྐུ་འཁྲུངས་ནས་མི་ལོ་ ༡༥༠ འཁོར་བའི་མཛད་སྒོར་དབུ་བཞུགས་ཐོག་བཀའ་སློབ་སྩལ་ཡོད། དེ་ཡང་ཧིན་དུའི་བླ་མ་མོ་ན་སཱ་དུ་སྭ་མི་སཏྱ་ནནྡ་མ་ཧཱ་རཱཇ་མཆོག་དེ་སྔ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་སེམས་དང་སྲོག་ Mind & Life conference ཅེས་པའི་ནང་ཆོས་ནས་གསུངས་པའི་ཚན་རིག་དང་ནུབ་ཕྱོགས་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་གནང་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་མཛད་ཡོད། སྤྱིར་བླ་ཆེན་ཁོང་ནས་མི་ལོ་ ༢༠ ལྷག་གི་རིང་ངག་བཅད་བརྟུལ་ཞུགས་ལ་གནས་ཡོད།
ཐེངས་འདིར་མཛད་སྒོའི་སྐབས་ཁྱོན་མི་གྲངས་ ༥༠༠༠ ཙམ་མཉམ་ཞུགས་གནང་བའི་ཁྲོད་གཞོན་སྐྱེས་སློབ་ཕྲུག་ཁག་གཅིག་གིས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ཧིན་དུའི་བླ་མ་མོ་ན་སཱ་དུ་སྭ་མི་སཏྱ་ནནྡ་མ་ཧཱ་རཱཇ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་སྣེ་ཁྲིད་དེ་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་བསྟུན། གླུ་པ་ཁག་གཅིག་གིས་རོལ་དབྱངས་དང་བཅས་ཤིས་བརྗོད་དབྱངས་སུ་བླངས།
དེ་ནས་༸གོང་ས་མཆོག་གིས་མར་མེ་ཞལ་ཕྱེ་མཛད་རྗེས་ཧིན་དུའི་བླ་མ་ནིར་མ་ལ་ཨ་དན་ཏ་ Sri Swami Nirmalandantha མཆོག་གིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་བསྟུན། ༸གོང་ས་མཆོག་གིས་སྭམི་ཝི་ཝེ་ཀ་ནནྡཱའི་འདྲ་སྐུ་མཐོ་ཚད་ཕི་ཊི་བདུན་ལྷག་ཙམ་ཡོད་པ་དབུ་འབྱེད་མཛད། སྤྱིར་འདྲ་སྐུ་དེ་ཁུལ་དེ་ནས་རྒྱང་ཐག་སྤྱི་ལེ་བདུན་བཅུ་ཙམ་གྱི་སར་ཝཏཱ་མ་ལ་ཡི་ Vattamalai ཞེས་པའི་ས་ཁུལ་དུ་ཡོད་ཀྱང་༸གོང་ས་མཆོག་གིས་ཕྱག་མཛུབ་མཐེབ་བཅུར་གནན་གནང་མཛད་པ་བརྒྱུད་ནས་དབུ་འབྱེད་མཛད་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བཀུར་འོས་ཆོས་དོན་རྣམ་པ་དང་བརྩེ་བའི་མཛའ་གྲོགས་ཕོ་མོ་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་རིགས་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལྟར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། ངོས་རང་འགྲོ་བ་མི་ཞིག་ཡིན་བསམ་པ་ལས་དམིགས་བསལ་བ་ཞིག་ཡིན་བསམ་ནམ་ཡང་དྲན་གྱི་མེད། དེ་འདྲ་དྲན་ཚེ་ངོས་རང་དང་མི་གཞན་གྱི་དབར་རྒྱང་ཐག་རིང་དུ་བཟོ་རྒྱུ་ལས་གཞན་ཕན་ཐོགས་གང་ཡང་མེད། དེར་བརྟེན་ངོས་ཀྱིས་ཁྱེད་ཚོ་ཚང་མར་བརྩེ་བའི་མཛའ་གྲོགས་ཕོ་མོ་ཞེས་འབོད་ཏེ་འཚམས་འདྲི་ཞུ་བཞིན་ཡོད། མཛད་སྒོའི་སྐབས་ན་གཞོན་ཕོ་མོ་ཚོས་སྤྲོ་བ་ཆེན་པོས་མཉམ་ཞུགས་གནང་བར་བརྟེན་ངོས་རང་ཧ་ཅང་དགའ་པོ་བྱུང་།
ངོས་རང་འདིར་མགྲོན་འབོད་གནང་མཁན་བླ་ཆེན་སཱ་དུ་སྭ་མི་སཏྱ་ནནྡ་མ་ཧཱ་རཱཇ་མཆོག་གིས་ལོ་ཧ་ཅང་མང་པོའི་རིང་ངག་བཅད་ཀྱི་བརྟུལ་ཞུགས་ལ་གནས་པ་འདི་ཧ་ཅང་དཀའ་བ་ཞིག་ཡིན། ངོས་རང་དེ་སྔ་བདུན་གཅིག་གི་ངག་བཅད་སྡོད་རྒྱུའི་མཚམས་བསྡམས་སྐབས་ཧ་ཅང་དཀའ་ལས་འདུག བླ་ཆེན་མཆོག་སླར་ཡང་ཉིན་གཅིག་ནང་ཆུ་ཚོད་གཅིག་དང་ཡང་ན་བདུན་ཕྲག་གཅིག་ནང་དུས་གཅིག་ཞལ་གྲག་པ་ཡིན་ན་རང་གི་མྱོང་ཚོར་རྣམས་རྗེས་འཇུག་དོན་གཉེར་ཅན་རྣམས་ལ་གསུང་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། འོན་ཀྱང་གཙོ་བོ་བླ་ཆེན་རང་ཉིད་ལ་རག་ལུས་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་སྭམི་ཝི་ཝེ་ཀ་ནནྡཱ་མཆོག་ལ་གུས་བཀུར་ཧ་ཅང་ཞུས་པ་དང་སྦྲགས། སྭམི་ཝི་ཝེ་ཀ་ནནྡཱ་དམ་པ་མཆོག་སྐུ་འཚོ་བཞུགས་སྐབས་ཆོས་ཕྱོགས་ཀྱི་མཛད་རྗེས་རྐྱང་པ་ཙམ་མིན་པར་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་གཟིགས་ཐུབ་པའི་ཕུགས་རྒྱང་རིང་པོའི་རླབས་ཆེན་གྱི་དགོངས་བཞེས་དེར་བསྔགས་བརྗོད་མཛད་པ་དང་སྦྲགས། བླ་ཆེན་དམ་པ་ཁོང་གིས་ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་འཛམ་གླིང་ཆོས་ལུགས་ཚོགས་ཆེན་ཐོག་ཕེབས་ཏེ་ཆོས་ལུགས་མཐུན་སྒྲིལ་སྐོར་གསུང་བཤད་གནང་སྐོར་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ངོས་ནས་ཀྱང་ཉེ་ལམ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་Melbourne དུ་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་པ་ཡིན། སྐབས་དེར་ལྷན་ཚོགས་དེ་ནི་སྐད་ཆ་ཤོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པ་ཙམ་ལས་དེ་སྔ་སྭམི་ཝི་ཝེ་ཀ་ནནྡཱ་དམ་པ་མཆོག་སྐུ་འཚོ་བཞུགས་སྐབས་ལྟར་འཁྲུག་ཆ་དོད་པོ་མེད་པའི་ཚོར་སྣང་བྱུང་། ཞེས་བཀའ་སློབ་སྩལ་བ་དང་སྦྲགས།
༸གོང་ས་མཆོག་གྱིས་རྒྱ་གར་ནི་འཛམ་གླིང་ནང་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཡུལ་རྙིང་ཤོས་ཤིག་དང་ཕུལ་བྱུང་གྲས་ཤིག་ཡིན་པར་བརྟེན་ཡུལ་འདིའི་བྱུང་རབས་ལོ་རྒྱུས་ཁྲོད་མཁས་པ་བསམ་གྱིས་མི་ཁྱབ་པ་ཚར་དུ་དངར་བ་དུ་མ་བྱུང་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གི་གྲོགས་པོ་རྒྱ་གར་གྱི་རྡུལ་ཕྲན་ཚན་རིག་པ་གྲགས་ཅན་རཱ་ཇཱ་ར་མན་ནཱ་ Raja Ramanna མཆོག་གིས་མཇལ་འཕྲད་སྐབས་ཤིག་ལ་རྡུལ་ཕྲན་རྣམ་གཞག་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ལོ་ངོ་ ༢༠༠༠ གོང་ནས་གསུང་ཚར་ཡོད་སྐོར་༸གོང་ས་མཆོག་ལ་ཞུས་པ་ཞིག་ཐུགས་དྲན་གསོ་མཛད། དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། འཚེ་མེད་ཞི་བའི་ལྟ་བ་འདི་ནི་རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་དར་བའི་ལྟ་གྲུབ་གལ་ཆེ་ཤོས་ཤིག་ཡིན་པ་དང་ལྟ་གྲུབ་འདི་ནི་དོན་དངོས་བྱམས་བརྩེ་ཉམས་ལེན་བྱས་པ་ཞིག་ཡིན་པར་ངོས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། འཚེ་མེད་ཞི་བ་བརྗོད་སྐབས་ཉམ་ཐག་པ་དང་། འཇིགས་ནས་དཔའ་ཁུམ་པ་དང་། དེ་བཞིན་བཟང་ངན་གྱི་རྣམ་འགྱུར་གང་ཡང་སྟོན་རྒྱུ་མེད་པར་ཅི་བྱ་བརྟོལ་མེད་ཀྱི་གནས་སུ་གྱར་བ་ལྟ་བུ་ཞིག་མིན། འཚེ་མེད་ཞི་བའི་ཉམས་ལེན་འདི་མི་གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་ཞུས་པ་ཞིག་ཡིན། ཀུན་སློང་བྱམས་བརྩེས་ཟིན་པའི་ཐོག་ནས་ལུས་ངག་རྣམ་འགྱུར་འདི་འཚེ་བ་མེད་པ་ཞིག་དགོས། ཡུལ་འདིར་ཆོས་ལུགས་གལ་ཆེ་བ་མང་པོ་གསར་གཏོད་བྱུང་བ་མ་ཟད། དུས་ཚོད་རིམ་སོང་རྗེས་ལུང་པ་གཞན་ནས་ཆོས་ལུགས་གཙོ་ཆེ་བ་འགའ་ཤས་དར་ཡོད། དེའི་ཁོངས་ནས་པར་སི་དང་ཁ་ཆེ། ཇིའུ། དེ་བཞིན་ཡི་ཤུའི་ཆོས་ལུགས་སོགས་ཡོད། འོན་ཀྱང་ཆོས་ལུགས་དེ་དག་རྒྱ་གར་ནང་གི་ཆོས་ལུགས་གཙོ་གྲས་གཞན་དང་འཆམ་མཐུན་ངང་ལོ་ངོ་སྟོང་གི་རིང་གནས་ཐུབ་པ་བྱུང་ཡོད། སྐབས་རེ་རྙོག་གྲ་ཕྲན་བུ་ཡོང་བཞིན་ཡོད་པ་ནི་ཆོས་ཉིད་རེད། དེར་ང་ཚོས་བསམ་ཤེས་བྱེད་ཐུབ་རྒྱུ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། འཕགས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། སྐབས་དེར་གཞས་སྣ་འཁྲབ་སྟོན་གོང་གློ་བུར་དུ་གསར་འགོད་པ་ཁག་གཅིག་གིས་༸གོང་ས་མཆོག་ལ་དྲི་བ་ཞུས་པར་བཀའ་ལན་མཛད།
མཛད་སྒོ་ལེགས་པར་གྲུབ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས། ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་རྒྱ་གར་དབུས་མདྱཱ་པར་དེ་ཤིའི་མངའ་སྡེའི་གྲོང་ཁྱེར་ནག་པུར་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བྷན་ད་ར་གྲོང་ཁྱེར་དུ་རྒྱ་གར་ནང་པ་ཁག་གཅིག་དང་ས་གནས་བོད་མི་བཅས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག