༢༠༡༤ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར།
༄༅། །འདི་ག་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྷེང་ལོར་ནང་རྟེན་གཞི་བྱས་པའི་ཁེ་རི་སི་གཙུག་ལག་སློབ་གྲྭར་ (Christ University) སྐོང་ཚོགས་གནང་བའི་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་ཀྱི་རྒྱ། (Bounds of Ethics in a Globalized World) ཞེས་པའི་བརྗོད་གཞིའི་ཐོག་ཕྱི་ཚེས་ ༦ ནས་ ༩ བར་ཉིན་གྲངས་བཞིའི་རིང་རྒྱལ་སྤྱིའི་ལྷན་ཚོགས་སྐོང་ཚོགས་ཀྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༠ ཐོག་སློབ་ཕྲུག་ཁྲི་ཚོ་ཡོད་པའི་གཙུག་ལག་སློབ་གྲྭར་༧ཞབས་སོར་འཁོད་སྐབས་ཕེབས་སྒོའི་མདུན་དུ་མཁས་དབང་ཐོ་མ་སི་ (Dr. Thomas C. Mathew, Vice Chancellor) མཆོག་དང་སློབ་གྲྭ་དེའི་ཉེ་བའི་རིགས་བདག་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་སྐབས་སློབ་གྲྭ་དེའི་རིགས་ཀྱི་བདག་པོ་མཁས་དབང་ཐོ་མ་སི་ཨ་ཀ་ར་ (Dr. Thomas Aykara, Chancellor) མཆོག་དང་ཉེ་བའི་རིགས་བདག། དེ་བཞིན་སློབ་གྲྭ་དེའི་གནད་ཡོད་མི་སྣས་གདན་ཞུས་ཀྱིས་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་ཞབས་སྟེགས་སྟེང་འཁོད་བསྟུན། ཐེངས་འདིར་རྒྱལ་སྤྱིའི་ལྷ་ཚོགས་སུ་བཅར་བའི་མཁས་དབང་རྣམས་དང་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག སྐུ་མགྲོན་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བ་ཚང་མ་སྐུ་བཞེངས་ཐོག་སློབ་ཕྲུག་ཁག་གཅིག་གི་རོལ་དབྱངས་བཏང་བ་དང་སྦྲགས་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་། དེ་རྗེས་སློབ་གྲྭ་དེའི་ཟློས་གར་འཁྲབ་སྟོན་པ་སློབ་ཕྲུག་ཁག་གཅིག་གིས་རིག་གཞུང་དང་སྲོལ་རྒྱུན་གྱི་ཞབས་བྲོ་གཟིགས་འབུལ་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་གནད་ཡོད་མི་སྣ་ཚོས་རྟེན་འབྲེལ་གྱི་སྣང་གསལ་ཞལ་ཕྱེ་མཛད།
དེ་རྗེ་རྒྱལ་སྤྱིའི་ལྷན་ཚོགས་འདིའི་ཚོགས་སྐོང་འགན་འཛིན་མཁས་དབང་ཀུ་རེ་ཡན་ཀ་ཆ་པི་ལེ་(Dr. Kurian Kachappilly) མཆོག་གིས་ཕེབས་བསུའི་གསུང་བཤད་གནང་དོན། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གཙོས་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་ཀྱི་རྒྱ་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ལྷན་ཚོགས་སུ་ཕེབས་བའི་མཁས་དབང་རྣམས་ལ་འཚམས་འདྲི་ཞུས་རྗེས། སྤྱིཚོགས་སྟེང་བཟང་སྤྱོད་ཚད་ལྡན་དགོས་པར་རང་ཉིད་སྒེར་ངོས་ནས་གང་ཞིག་ཉམས་སུ་ལེན་དགོས་མིན་གསལ་པོ་ཤེས་པ་བྱེད་དགོས། དེ་ཡང་གོམ་པ་དང་པོ་དེ་ནི་འགྲོ་བ་མིའི་རིགས་ལ་གདུང་སེམས་མཉམ་སྐྱེ་དགོས་པ་དེ་ཡིན། ལྷན་ཚོགས་འདིས་མཁས་དབང་རྣམ་པར་བཟང་སྤྱོད་སྐོར་ལ་གཏམ་བཤད་དང་དགོངས་ཚུལ་གསུང་རྒྱུའི་སྡིངས་ཆ་ཞིག་བསྐྲུན་ཡོད། བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ནི་ཕྱི་ལོ་ ༡༩༣༥ ལོར་ཞིང་པའི་དུད་ཁྱིམ་ཞིག་ཏུ་སྐུ་འཁྲུངས་པ་དང་དགུང་ལོ་གཉིས་ལ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད། ཏཱ་ལའི་བླ་མ་མཆོག་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཞེས་སོགས་༧གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ཚོགས་བཅར་བ་ཡོངས་ལ་ངོ་སྤྲོད་གནང་བ་མ་ཟད།
༧གོང་ས་མཆོག་ནི་ཞི་བདེའི་དེད་དཔོན་ཞིག་ཡིན་པ་དང་ཁོང་གིས་བོད་ལ་ཞི་བདེ་ཡོང་རྒྱུར་འབད་བརྩོན་མཛད་པར་སོང་ནོ་བེལ་ཞི་བའི་གཟེངས་རྟགས་ཀྱང་ཐོབ་ཡོད། ཁོང་ནི་རྒྱལ་ཁབ་མང་པོ་ཆིབས་སྒྱུར་བསྐྱངས་མྱོང་བ་དང་ཆེ་བསྟོད་ཀྱི་གཟེངས་རྟགས་སྙན་གྲགས་ཅན་མང་པོ་འབུལ་བཞེས་གནང་མྱོང་ལ་ཞི་བདེའི་བརྡ་ལན་ལྡན་པའི་དེབ་རིགས་མང་པོ་ལྗགས་རྩོམ་མཛད་མྱོང་མཁན་ཞིག་ཡིན་ལ་ཕྱི་ལོ་བརྒྱད་ཅུའི་ལོ་ནས་བཟུང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་དེ་སྙན་གྲགས་ཅན་གྱི་ཚན་རིག་པའི་ལྷན་ལོ་རྒྱུས་ལྡན་པའི་མཛད་རྗེས་འཇོག་གནང་མཛད་ཡོད། དེ་ལྟ་བུ་མཛད་མཁན་གྱི་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དེ་རིང་ང་ཚོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད། ཁོང་གིས་ང་ཚོར་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་ཀྱི་རྒྱ་ཞེས་བའི་བརྗོད་གཞིའི་ཐོག་བཀའ་སློབ་ཕེབས་རྒྱུ་ཡིན་པར་ངས་གཙུག་ལག་སློབ་གཉེར་ཁང་འདིའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཕེབས་བསུ་དང་བཟང་སྤྱོད་སྐོར་གྱི་བཀའ་སློབ་སྩལ་རྒྱུར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། དེ་རྗེས་རིམ་པས་རྒྱལ་སྤྱིའི་ལྷན་ཚོགས་དེ་སྐོང་ཚོགས་གནང་མཁན་གྱི་གཙོ་འཛིན་ཁར་ཌ་ནལ་མར་བ་སི་ལོ་སི་མཆོག་དང་གཙུག་ལག་སློབ་གྲྭ་དེའི་རིགས་བདག་དང་ཉེ་བའི་རིགས་བདག་བཅས་ཀྱིས་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་ཀྱི་རྒྱ། ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་རིམ་པས་གནང་།
མཐར་༧གོང་ས་མཆོག་གིས་གོང་གསལ་བརྗོད་གཞི་དང་འབྲེལ་བའི་ཐོག་བཀའ་སློབ་ཟབ་མོ་ཕེབས་དོན། རྒྱལ་ཁབ་མི་འདྲ་བར་དད་སེམས་དང་རིག་གཞུང་། སྐད་ཡིག་མི་འདྲ་བ་ཡོད་ཀྱང་ང་ཚོ་ཚང་མ་འཛམ་གླིང་ཆུང་ཆུང་འདིར་བདག་པ་ཞིག་ཡིན། ངོས་ནས་འདིར་ཕེབས་པའི་མི་མང་རྣམས་ནས་ལོ་ལྔ་བཅུ་བརྒལ་བ་རྣམས་དུས་རབས་ཉི་ཤུ་པའི་མི་རབས་དང་རང་ལོ་ཉི་ཤུ་ནས་སུམ་ཅུའི་འོག་རྣམས་དུས་རབས་ཉེར་གཅིག་པའི་མི་ཡིན་པ་བཅས་ཁག་གཉིས་ལ་དབྱེ་བ་ཕྱེ་རྒྱུ་ཡིན། ངོས་ཀྱི་ག་དུས་ཡིན་ཡང་ང་ཚོའི་ལོ་རབས་དེས་ལོ་རབས་ཉི་ཤུ་པའི་དུས་ཚོད་མང་པོ་ཞིག་བསྒྲྲིམས་ཡོད། དེ་ཡང་ཉི་ཧོང་གི་དམག་འཁྲུག་དང་། དམག་ཆེན་གཉིས་པའི་རྗེས་སུ་ཀོ་རི་ཡའི་དམག་འཁྲུག་བྱུང་བ་རེད། སྐབས་དེ་དག་ལ་དམག་མི་ཚོར་གཏོར་བཤིག་གཏོང་ཆེད་ཀྱི་གོ་མཚོན་ཧ་ཅང་ཤུགས་ཆེ་བེད་སྤྱོད་བྱས་ཡོད། དེ་ལྟ་བུའི་དམག་མི་འབོར་ཆེན་གཅིག་རྗེས་གཉིས་མཐུད་བཏང་སྟེ་ལོ་རབས་ཉི་ཤུ་པ་དེའི་ནང་མི་མང་བསད་པའི་གྲངས་འབོར་དེ་ས་ཡ་ ༢༠༠ ཆགས་ཡོད། དེ་ལྟ་བུའི་ཚད་མེད་པའི་འཚེ་བའི་ལས་དོན་སྤེལ་ཏེ་འཛམ་གླིང་འདི་བཞིན་ཡག་པོ་ཞིག་དང་བདེ་ཐང་ཅན་ཞིག་ཡོང་རྒྱུར་དམིགས་ཀྱང་ཡོང་ཐབས་མེད་པ་ཞིག་ཡིན། དེར་བརྟེན་འཚེ་བའི་ཐོག་ནས་རང་ཉིད་གང་འདོད་པ་དེ་ཡོང་གི་རེད་སྙམ་པའི་ལོ་བརྒྱ་ཕྲག་བརྒལ་བའི་དམིགས་པ་དེ་དང་། དགྲ་བོ་ལས་རྣམ་པར་རྒྱལ་བ་ནི་རང་ཉིད་ལ་རྒྱལ་ཁ་ཐོབ་པའི་བསམ་ཚུལ་དེ་ནི་གནའ་བོའི་དུས་ལ་ཡིན་ངེས་ཀྱང་དོན་དངོས་ཐོག་ནས་གོ་ལ་སྤྱིའི་ཐོག་ནས་བཤད་ན་འབྱུང་འགྱུར་ཕལ་ཆེ་བ་ཕན་ཚུན་གཅིག་ལ་གཅིག་རྟེན་ཆགས་ཡོད། དེར་བརྟེན་དེ་སྔའི་དམིགས་པ་དང་ངོས་འཛིན་དེ་དག་ནི་དུས་ཚོད་ཡོལ་ཟིན་པ་ཞིག་ཡིན།
སྤྱིར་དུས་རབས་ཉི་ཤུ་པའི་ནང་བཟང་ཕྱོགས་ཀྱི་ཡར་རྒྱས་དེ་འདྲ་བྱུང་ཡོད་ཀྱང་དུས་རབས་ཉི་ཤུ་པ་དེའི་ནང་ཧ་ཅང་བརྗོད་པར་དཀའ་བའི་འཚེ་བའི་ལས་དོན་སྤེལ་ཡོད། དུས་རབས་དེའི་ནང་འཚེ་བས་སྡུག་བསྔལ་དང་ན་ཟུག་ཁོ་ན་སྤྲད་ཡོད། རང་བྱུང་ཁོར་ཡུག་གི་གནད་ངོས་ནས་བཤད་ཀྱང་དམག་འཁྲུག་གིས་གཏོར་སྐྱོན་ཆེན་པོོ་ཕོག་ཡོད། དེ་བཞིན་བཟོ་གྲྭ་ཆེ་ཁག་བཅས་ནས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད། བཟོ་གྲྭ་ཆེ་ཁག་དང་ཚོང་དོན་ལས་ཁང་ཆེ་ཁག་ནས་གོ་མཚོན་བཟོ་སྐྲུན་གྱིས་ཚོང་འགྲེམས་བྱས་ཏེ་དངུལ་བཟོ་བཞིན་ཡོད། དེ་དག་ནི་ཕྱོགས་གཅིག་ནས་གོ་ལ་སྤྱིའི་འགན་ཁུར་མི་འདང་བ་དང་གཞན་ལ་འགན་ཁུར་བྱེད་རྒྱུ་མ་འདང་བའི་དབང་གིས་ཡིན། དེར་བརྟེན་དུས་རབས་ཉི་ཤུ་པ་དེ་ནི་འཚེ་བའི་དུས་རབས་ཤིག་ཆགས་ཡོད། འོན་ཀྱང་ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ནི་ཞི་བདེའི་དུས་རབས་ཤིག་ཡོང་བ་བྱེད་དགོས་པ་ཡིན། ཞེས་དང་།
དེ་མིན་མགོན་པོ་གང་ཉིད་མཆོག་གིས་ལྐོག་ཟ་རུལ་སུངས་ནི་སྤྱི་ཚོགས་ཀྱི་སྐྲན་ནད་ལྟ་བུར་གྱུར་ཡོད་པའི་དེར་གདོང་ལེན་བྱེད་དགོས་སྐོར། ཡི་ཤུའི་ཆོས་ཚོགས་ཁག་དང་ཆོས་པ་ཚོས་སྤྱི་ཚོགས་དང་མི་དམངས་ལ་ཞབས་ཞུ་ཆེ་ཤོས་བསྒྲུབས་ཡོད་སྐོར། ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་སྩལ་རྗེས། སློབ་ཕྲུག་ཁག་གཅིག་ལ་ཐད་ཀར་དྲི་བ་འབུལ་རྒྱུའི་གོ་སྐབས་སྩལ་བ་བཞིན་སློབ་ཕྲུག་དང་དགེ་རྒན་བཅས་ནས་དྲི་བར་བཀའ་ལན་ཡང་སྩལ།
བཀའ་སློབ་གྲུབ་རྗེས་མཁས་དབང་ཨ་ནིལ་ཇོ་སིབ་མཆོག་གི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན། གནད་ཡོད་མི་སྣ་རྣམས་དང་ལྷན་སྐུ་པར་ཡང་བསྒྲོན་གནང་མཛད། དེ་ནས་བཞུགས་གནས་མགྲོན་ཁང་ལ་ཆིབས་ཞལ་བསྒྱུར།
གཙུག་ལག་སློབ་གཉེར་ཁང་འདིའི་ནང་སློབ་ཕྲུག་ཆིག་ཁྲི་བརྒལ་བ་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཁོངས་སུ་རང་རེའི་བོད་ཕྲུག་གྲངས་ ༧༦ ཡོད་འདུག ཁོང་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་རང་གི་རྩ་བའི་བླ་མ་དང་མགོན་སྐྱབས་གཅིག་པུར་གྱུར་བ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་སློབ་གཉེར་ཁང་དེར་ཆིབས་སྒྱུར་བསྐྱངས་པར་འཚོར་སྣང་གང་བྱུང་དང་སློབ་ཕྲུག་མི་རེ་ངོ་རེས་རང་རང་གི་སློབ་སྦྱོང་གང་དང་གང་བྱེད་ཀྱི་ཡོད་སྐོར་སྙན་སྒྲོན་གྱི་ཚུལ་དུ་ཡིག་ཐོག་བཀོད་དེ་དེབ་གཟུགས་ཤིག་འབུལ་ལམ་ཞུས་སོང་། ཐེངས་འདིའི་རྒྱལ་སྤྱིའི་ལྷན་ཚོགས་འདིར་རྒྱལ་ཁབ་མང་པོ་ཞིག་ནས་བཅར་བའི་གཏམ་བཤད་གནང་མཁན་མཁས་དབང་ཧ་ཅང་མང་པོ་བཅར་འདུག་ལ་ཐེངསའདིའི་གཏམ་བཤད་གནང་མཁན་གྱི་ཁོངས་སུ་སེ་ར་ཆོས་སྒར་ནས་དགེ་བཤེས་དང་ཚན་རིག་སློབ་ཐོན་པ་ཁག་གཅིག་ཀྱང་ཕེབས་འདུག ། །།