༢༠༡༤ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར།
༄༅། །འདི་ག་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྷེང་ལོར་ནང་རྟེན་གཞི་བྱས་པའི་བི་ཤོབ་ཁོ་ཊོན་ (Beshop Cotton boy’s School) བུའི་སློབ་གྲྭར་དེ་སྔ་རྒྱ་གར་དབྱིན་ཇིའི་འོག་ཡོད་སྐབས་དབྱིན་ཇིའི་མི་རིགས་དང་རྒྱ་གར་བ་མཉམ་འདྲེས་ཐོག་ནས་བཙུགས་པའི་སྐད་ཡིག་གཙོ་བོ་དབྱིན་ཇིའི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཁག་ ༡༩༦ ཡོད་པ་ (The Associaton of Heasds of Anglo-Indian Schools in India. 92nd Annual Conference) དེ་དག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༩༢ པའི་ཚོགས་མགོན་ནམ་སྐུ་མགྲོན་གྱི་གཙོ་བོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར། ཞལ་བཞེས་བཟང་པོ་ཐོབ་ཏེ་སློབ་གྲྭ་དེར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༧ཞབས་སོར་འཁོད་པ་དང་སྦྲགས་མཁས་དབང་ནན་ཌན་ ནེལ་ཀ་ནེ་ ( Dr. Nandan Nilekani, Chairman, UIDAI) མཆོག་དང་སློབ་གྲྭ་དེའི་སློབ་སྤྱིས་ཕེབས་བསུ་གཟབ་ཞུས་ཏེ་ལྷན་ཚོགས་ཁང་དུ་གདན་འདྲེན་ཞུས། སྐུ་མགྲོན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཁས་དབང་ནན་ཌན་ ནེལ་ཀ་ནེ་མཆོག དེ་བཞིན་གནད་ཡོད་མི་སྣ་བཅུ་གྲངས་ཤིག་ལྷན་ཚོགས་ཁང་གི་སྐུ་མགྲོན་གྱི་ཞབས་སྟེགས་སྟེང་འཁོད་རྗེས། དེར་འདུས་ལོ་འཁོར་ལྷན་ཚོགས་ཐེངས་ ༩༢ པར་བཅར་བ་རྣམས་དང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བའི་དབུས་སུ་སློབ་དཔོན་ཇོན་ ཀེ ཛ་ཆརི་ཧ་ (Prof. John K. Zachariah) མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བའི་ནང་།
དེ་རིང་འདི་གར་ང་ཚོའི་མདུན་དུ་འཛམ་གླིང་འདིའི་ནང་གི་སྙན་གྲགས་ཅན་གྱི་དབུ་ཁྲིད་བོད་མིའི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱངས་ཡོད་ཅིང་ཁོང་གི་ང་ཚོར་མ་འོངས་འཆར་སྣང་གང་ཡོད་སྐོར་བཀའ་སློབཕེབས་རྒྱུ་རེད། ཟླ་བ་འགའ་ཤས་སྔོན་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གཙོས་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་འགའ་ཞིག་གིས་མི་མང་འདུ་འཛོམས་ཤིན་ཏུ་ཆེ་བའི་ཨ་རིའི་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ཨེ་ཌེ་ལན་ཌར་དྲི་བ་གཉིས་ཀྱི་ཐོག་བཀའ་ལན་གནང་ཡོད་པ་ནི། སློབ་གསོ་ནི་འཛམ་གླིང་ཞི་བདེ་དང་བདེ་སྐྱེད་བསྐྲུན་རྒྱུའི་ལྡེ་མིག་ལྟ་བུ་ཡིན་ཞེས་དང་། སློབ་གསོའི་ཐོག་ནང་སེམས་ཀྱི་ཤེས་ཡོན་དང་སེམས་ཁམས་བདེ་ཐང་དགོས་རྒྱུའི་སྐོར་བཀའ་སློབ་སྩལ་ཡོད། དེ་ནི་ང་ཚོ་ཚང་མར་ཧ་ཅང་དགོས་ངེས་ཅན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་ཕེབས་བསུའི་གསུང་བཤད་གནང་གྲུབ་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དེ་མིན་སྐུ་མགྲོན་རྣམསཀྱིས་རྟེན་འབྲེལ་གྱི་སྣང་གསལ་ཞལ་ཕྱེ་མཛད།
དེ་རྗེས་ལྷན་ཚོགས་དེའི་དྲུང་ཆེ་སྐུ་ཞབས་ཌ་ཝི་ཌི་ ཧིལ་ཊོན་ལགས་ཀྱི་ཐོག་མར་འཚམས་འདྲི་དང་སྦྲགས་ Anglo-Indian Schools ཨེངྒ་ལོ་ཨིན་ཌི་ཡན་སློབ་གྲྭ་ཞེས་པ་དེ་ནི་དེ་སྔ་དབྱིན་ཇིའི་མི་རིགས་དང་རྒྱ་གར་བ་མཉམ་འདྲེས་ཀྱིས་བཙུགས་པའི་སློབ་གྲྭ་ཞིག་ཡིན་པའི་ངོ་སྤྲོད་ཞུས་དོན། སློབ་གྲྭའི་ལྷན་ཚོགས་འདི་ཕྱི་ལོ་ ༡༩༢༥ ལོར་འགོ་བཙུགས་པ་དང་། དེའི་དགོས་པ་རྒྱུ་མཚན་ནི་རྒྱལ་ཁབ་འདིའི་ནང་དུ་ཕྱི་རྒྱལ་མི་རིགས་དང་དེ་བཞིན་རྒྱ་གར་བའི་སློབ་གྲྭ་ཁག་གི་ནང་སློབ་གསོ་སྤྲོད་རྒྱུའི་ཆེད་ཡིན། དེ་ཡང་སྐབས་དེར་ཕན་ཚུན་སློབ་གསོ་དང་བསམ་ཚུལ་བརྗེ་ལེན་ཆེད་ཡིན། སློབ་གྲྭ་དེ་དག་ནང་ད་བར་སློབ་གསོའི་བྱ་གཞག་གང་ཙམ་སྐྲུན་ཐུབ་པར་བརྟེན་ད་བར་རྒྱུན་གནས་ཐུབ་པ་བྱུང་ཡོད། སློབ་གྲྭའི་ལྷན་ཚོགས་འདིས་ལྷག་པར་གྲོང་གསེབ་དང་གྲོང་ཁྱེར་ཁག་ནང་གནས་པའི་དབུལ་ཕོངས་ཉམ་ཐག་རྣམས་ལ་ཞབས་ཞུ་མང་ཙམ་སྒྲུབ་བཞིན་ཡོད། སློབ་གྲྭ་འདི་དག་གི་ནང་དབྱིན་ཇིའི་སྐད་ཡིག་དང་དེ་བཞིན་ས་ཁུལ་ཁག་གི་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་སྐྲུན་ཡོད། ཞེས་སོགས་ཀྱི་ངོ་སྤྲོད་གྲུབ་བསྟུན།
བཀུར་འོས་སྐུ་མགྲོན་པ་ཌ་མ་བྷུ་ཤན་ (Guest of Honour, Padma Buushan) མཆོག་གིས་གསུང་བཤད་གནང་གྲུབ་རྗེས་ཀར་ན་ཊ་ཀའི་ཨོ་ཇ་སློབ་གྲྭའི་འགན་འཛིན་སྐུ་སྐྱེས་མ་མུ་རིན ཨོ་ཇཧ་ (Mrs. Maureen Ojha, President, AHAIS, Karnataka) ལགས་ཀྱིས་༧གོང་ས་མཆོག་ཚོགས་བཅར་བ་ཡོངས་ལ་ངོ་སྤྲོད་ཞུས་དོན། ༧གོང་ས་མཆོག་ནི་ནོ་བེལ་ཞི་བདེའི་དེད་དཔོན་དང་ཁོང་གིས་སྩལ་བའི་བཀའ་སློབ་དག་ཞི་བདེ་དང་འཚེ་བ་མེེད་པ། ཆོས་ལུགས་ཕན་ཚུན་མཐུན་ལམ། འཛམ་གླིང་ཀུན་ཁྱབ་འགན་ཁུར་དང་བྱམས་བརྩེ་བཅས་ལ་ཆེ་བསྟོད་དང་ངོས་འཛིན་ཞུ་སླད་གཟེངས་བསྟོད་ཕྱག་འཁྱེར་མི་འདྲ་བ་ཆེ་ཁག་ ༡༥༠ ཕུལ་ཡོད་ལ། རྒྱལ་ཁབ་ཁག་མི་འདྲ་བ་ ༦༧ ནང་ཆིབས་སྒྱུར་བསྐྱངས་མྱོང་ཡོད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བྱམས་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས་པའི་སྤྲུལ་སྐུའི་སྐུ་སྐྱེས་བཞེས་ཏེ་འགྲོ་བ་མིའི་རིགས་ལ་ཕན་བདེ་སྐྲུན་བཞིན་ཡོད། ཁོང་ཕྱི་ལོ་ ༡༩༣༥ ལོར་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཡོད་པ་ནས་ངོ་སྤྲོད་ཞུས་ཤིང་། ཁོང་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་ཙམ་མ་ཟད། དུས་རབས་འདིའི་ནང་གི་རླབས་ཆེན་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཀྱང་ཡིན་ཞེས་སོགས་ཀྱི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ཡོད།
དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། ང་ཚོ་འཛམ་གླིང་འདིའི་ནང་ཡོད་པའི་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས། ང་ཚོས་འཛམ་གླིང་ཞི་བདེ་ཞེས་བསྐྱར་ཟློས་ཡང་ཟློས་ཇི་ཙམ་བྱས་ཀྱང་ཕན་ཐོགས་དེ་ཙམ་མེད། གཞན་ཡང་དེ་ལྟར་ཡོང་བར་ཤོག་ཅེས་ལྷ་ལ་གསོལ་འདེབས་བྱེད་རྒྱུ་ལྟ་བུར་ངོས་རང་ཡིད་ཆེས་མེད། རིག་པའི་ཐོག་ནས་བརྟག་ན་འཚེ་བ་དེ་སུ་ཞིག་བཟོས་པ་ཡིན་ནམ་ཞེ་ན། དེ་ནི་ང་ཚོས་བཟོས་པ་ཞིག་ཡིན། དེར་བརྟེན་ང་ཚོས་ངེས་པར་དུ་ཞི་བདེ་བསྐྲུན་ཐུབ་པ་བྱེད་དགོས་པ་ཡིན། དེ་ཡང་ཐོག་མར་ནང་སེམས་ལ་ཞི་བདེ་བསྐྲུན་དགོས་པ་དང་། མིང་དོན་མཚུངས་པའི་ཞི་བདེ་དེ་ནི་ནང་སེམས་ནས་ཡོང་དགོས་པ་ཡིན། ནང་སེམས་ནང་བརྣག་སེམས་དང་གནོད་སེམས། ཁོང་ཁྲོའི་ཁེངས་ཡོད་ན་ཞི་བདེ་ཡོང་རྒྱུ་མེད། ནང་སེམས་ཀྱི་ཞི་བདེར་གནོད་སྐྱོན་གཏོང་མཁན་གཙོ་བོ་དེ་ནི་ང་ཚོའི་སེམས་འཁྲུག་པའི་དབང་གི་ཡོང་གི་ཡོད།
ད་ལྟའི་དུས་འདི་ནི་གནའ་སྔ་མོའི་དུས་དང་འདྲ་ཡི་མེད། སྔ་མོའི་དུས་སུ་རྒྱལ་ཁབ་ཕན་ཚུན་དང་མི་སྒེར་སོ་སོ། དེ་བཞིན་དཔེར་ན་རྒྱ་གར་ལྷོ་ཕྱོགས་ཁུལ་དེ་ནི་ཁུལ་དེའི་ས་གནས་རང་གི་འཛིན་སྐྱོང་བྱེད་པ་ལས་རྒྱ་གར་བྱང་ཕྱོགས་སུ་ག་རེ་བྱས་ག་རེ་བྱུང་འབྲེལ་བ་གང་ཡང་མེད། ད་ཆ་ཡོངས་སུ་འགྱུར་བ་ཕྱིན་ཡོད། ཤར་ཕྱོགས་ཀྱི་འབྱུང་འགྱུར་གྱི་ཕུགས་ལམ་ཇི་ལྟར་ཡོང་ནུབ་ཕྱོགས་ལ་རག་ལུས་ཡོད་ལ་ནུབ་ཕྱོགས་ཀྱི་འབྱུང་འགྱུར་དེ་ཇི་ལྟར་ཡོང་ཤར་ཕྱོགས་ལ་རག་ལུས་ཡོད། དེ་དེ་བཞིན་དུ་ནུབ་ཕྱོགས་འཛམ་གླིང་གི་འབྱུང་འགྱུར་དེ་ལྷོ་ཕྱོགས་དང་། དེ་བཞིན་ལྷོ་ཕྱོགས་གི་འབྱུང་འགྱུར་དེ་ནུབ་ཕྱོགས་ལ་རག་ལུས་ཡོད། དམིགས་བསལ་འཛམ་གླིང་ཚ་གྲོད་རྒྱས་བཞིན་ཡོད་པ་བཅས་གོ་ལ་སྤྱིའི་གནད་དོན་ཐད་འགྲོ་བ་མི་ཚང་མས་དོ་སྣང་དང་འབད་བརྩོན་བྱེད་དགོས་པའི་དུས་ལ་བསླེབས་ཡོད། དེར་བརྟེན་དོན་དངོས་ཐོག་ང་ཚོ་མི་རེ་ངོ་རེའི་མ་འོངས་མདུན་ལམ་དེ་ནི་འགྲོ་བ་མིའི་རིགས་ཡོངས་སུ་རྫོགས་པ་དང་སྤྱི་ཚོགས་ཡོངས་ལ་འགན་དང་རག་ལུས་ཡོད་པ་ཡིན། ཇི་སྲིད་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་འགྱུར་མ་ཆགས་ཀྱི་བར་དུ་མིས་བཟོས་པའི་དཀའ་ངལ་རྣམས་གནས་རྒྱུ་རེད། དེར་བརྟེན་ངོས་ནས་གང་དུ་གཏམ་བཤད་བྱེད་སྐབས་ངོས་རང་ནི་འགྲོ་བ་མི་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་དང་།
དེ་བཞིན་༧གོང་ས་མཆོག་གིས་ཉམས་ལེན་མཛད་བཞིན་པའི་ཆོས་ལུགས་འདི་ནི་དཔལ་ན་ལནྜའི་ཆོས་རྒྱུད་ཡིན་པ་དང་དེ་ནི་རྒྱ་གར་ནས་བྱུང་བས་རྒྱ་གར་བ་ཚོ་ང་ཚོའི་དགེ་རྒན་ཡིན་པ་དང་བོད་བརྒྱུད་ནང་བསྟན་འཛིན་མཁན་རྣམས་རྒྱ་གར་བ་ཚོའི་དགེ་ཕྲུག་ཡིན་སྐོར་དང་། བཅོམ་ལྡན་འདས་ཀྱི་ཁམས་དང་མོས་པ་སྣ་ཚོགས་ལ་བརྟེན་ཆོས་ཀྱི་འཁོར་ལོ་ཡང་མི་འདྲ་བ་བསྐོར་གནང་ཡོད་པ་ལྟར། འཛམ་གླིང་འདིའི་ནང་ཆོས་ལུགས་སྣ་ཚོགས་ཡོད་པ་བཞིན་རང་རང་གི་ཕ་མེས་ཀྱི་ཆོས་ལུགས་དེ་རང་ཉམས་ལེན་བྱས་ན་བཟང་བ་ལས་ཆོས་ལུགས་བསྒྱུར་ན་མི་ལེགས་པའི་སྐོར་དང་། རྒྱ་གར་འདི་བཞིན་ཆོས་ལུགས་རིས་མེད་ཀྱི་རྒྱ་ཁབ་ཧ་ཅང་རིག་གཞུང་ཕུང་སུམ་ཚོགས་ལ་ཆོས་ལུགས་ཡོངས་རྫོགས་མཉམ་གནས་ཐུབ་པའི་འཚེ་མེད་ཞི་བའི་རྒྱལ་ཁབ་ཞིག་ཡིན་པ་དང་། ད་དུང་ཡིན་ཡང་བཟང་སྤྱོད་ཀྱི་ལྟ་གྲུབ་རྣམས་ལག་ལེན་བསྟར་ཐུབ་པ་དགོས་པ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་ཕེབས་རྗེས། སློབ་ཕྲུག་ཁག་གཉིས་ཀྱི་དྲི་བར་བཀའ་ལན་མཛད་པ་བཅས་ལ་དེ་འདུས་མཁས་དབང་དང་དགེ་ལས་སློབ་ཕྲུག་ཡོངས་ཀྱི་དགའ་ཞིང་གུས་བཀུར་ཆེན་པོས་དགའ་བསུའི་ཐལ་སྒྲའི་ཚོགས་ཁང་ཡོངས་སུ་ཁེང་བར་གྱུར།
དེ་རྗེས་སྐུ་ཞབས་ཁ་རིལ ལུ་རི་ (Mr. Carl Lurie, President, AHAIS, India) ལགས་ཀྱིས་༧གོང་ས་མཆོག་སློབ་གྲྭ་དེ་དག་གི་འགན་འཛིན་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཆིབས་སྒྱུར་བསྐྱངས་པ་མ་ཟད་བཀའ་སློབ་ཟབ་ཅིང་རྒྱས་པ་ཕེབས་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུས་ཏེ་ལྷན་ཚོགས་ཀྱི་མཛད་སྒོ་གྲོལ་ཏེ་སྐུ་མགྲོན་རྣམས་དང་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པའི་ལྷན་དུ་སྐུ་པར་བསྒྲོན་རྗེས་༧གོང་ས་མཆོག་བཞུགས་གནས་མགྲོན་ཁང་ལ་ཆིབས་ཞལ་བསྒྱུར།། །།