༢༠༡༤ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་ཉིན་གྲངས་གཉིས་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཆ་ཏི་སི་གྷར་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་གོང་ཚེས་ཉིན་རྒྱལ་ས་ར་ཡེ་པུར་དུ་༸ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་༸གོང་ས་མཆོག་གིས་པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་(Pt Ravishankar Shukla University) དང་། ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཆ་ཏི་སི་གྷར་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་དང་འབྲེལ་བཀའ་སློབ་ཕེབས་དོན། རྒྱ་གར་ནི་གནའ་བོའི་རིག་གནས་ཀྱི་ཕྱུག་པའི་ཡུལ་ཞིག་ཡིན། རྒྱ་གར་གྱི་མཐོ་སློབ་ཁག་ནང་གནའ་བོའི་རིག་གནས་དེ་དག་གཏིང་ཟབ་ཁྱབ་སྤེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉི་ཧོང་དང་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་རིག་གཞུང་གི་གོ་རྟོགས་ནམ་རྒྱུན་དུ་ཆོས་བྱེད་མཁན་དགེ་འདུན་པ་ཚོ་ལས་ཡག་པ་ཡོད། ངོས་རང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ནང་རྒྱ་གར་གྱི་རིག་གཞུང་གོང་འཕེལ་གཏོང་རྒྱུའི་འདོད་མོས་ཡོད།
འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མི་ཚང་མ་དབུལ་ཕྱུག་ལ་མ་ལྟོས་པར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་འདོད་ཡོད་པ་ཤ་སྟག་རེད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་རྒྱུ་ནི་ང་ཚོའི་གཞི་རྩའི་ཐོབ་ཐང་ཡིན། ཁྱེད་རང་ཚོས་བདེ་སྐྱིད་སྒྲུབ་ཐབས་སུ་བྱམས་བརྩེ་གོང་སྤེལ་གཏོང་དགོས། མདོར་ན། ང་ཚོས་བདེ་སྐྱིད་སྒྲུབ་ཐབས་སུ་སོ་སོའི་ཉིན་རེའི་མི་ཚེ་ནང་སྙིང་རྗེ་དང་བཟོད་བསྲན་སོགས་ལག་བསྟར་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་བཞིན་ཆ་ཏི་སི་གྷར་མངའ་སྡེའི་བློན་ཆེན་རཱ་མན་སིངྒ་ (Dr.Raman Singh) མཆོག་དང་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ངག་དབང་བསམ་གཏན་ལགས། པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཨེས་ཀེ་པཱན་ཌེ་(SK Pandey)ལགས་བཅས་ཀྱིས་ཀྱང་གསུང་བཤད་གནང་འདུག
ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་མཆོག་རྒྱལ་ས་ར་ཡེ་པུར་ནས་རྒྱང་ཐག་སྤྱི་ལེ་ ༧༨ བརྒལ་བའི་སར་ཡོད་པའི་སིར་པུར་(Sirpur)ས་གནས་སུ་ཆིབས་སྒྱུར་གྱིས། ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གནས་གཟིགས་མཛད་གྲུབ་མཚམས། ཕྱི་དྲོ་སིར་པུར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་སློབ་གྲྭ་ཞིག་ཏུ་ཆིབས་སྒྱུར་བསྐྱང་སྟེ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཕྱེད་ཡོལ་ར་ཡེ་པུར་ནང་ཡོད་པའི་པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག