༢༠༡༤ ཟླ་ ༡ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས་དང་། དགའ་ལྡན་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་རྭ་ཆེན་མོའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་ཉིན་འདིའི་ཆོས་འབྲེལ་མ་སྩལ་གོང་། དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་དགུ་པའི་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་སོགས་དང་སེར་སྐྱ་མི་མང་གྲངས་ ༣༠༠༠༠ བརྒལ་བའི་དབུས་སུ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ བཅས་འཛིན་རིམ་ཁག་གཉིས་ཀྱི་སློབ་གཉེར་བ་རྣམས་ཀྱིས་ལོ་ངོ་ ༢༣ རིང་སློབ་གཉེར་མཐར་ཕྱིན་གནང་སྟེ་བསླབ་པ་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་མི་གྲངས་བརྒྱ་བརྒལ་བ་དང་། དེ་བཞིན་ཕྱི་ལོ་ ༢༠༠༧ ནས་ ༢༠༡༡ བར་གྱི་སློབ་དཔོན་དགེ་བཤེས་ཁག་གཅིག་ཡོད་པ་ཁོང་རྣམ་པ་བཅས་ལ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་གནང་བ་དང་། ༸གོང་ས་མཆོག་དང་ལྷན་མི་གྲངས་ ༥༠ ཙམ་རིམ་བཞིན་སྐུ་པར་བསྒྲོན་ཏེ་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་གྲུབ།
དེ་རྗེས་བླ་མ་ཆོས་འཕེལ་བཟོད་པ་མཆོག་དང་ཤར་རྩེ་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དགེ་ལྡན་བསྟན་བདག་ལྷན་ཚོགས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་བཅས་ནས་གསར་དུ་རྩོམ་སྒྲིག་གནང་བའི་ ཕྱག་དེབ་ << ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག་ >> ཅེས་པ་རྩོམ་སྒྲིག་ཞུ་དགོས་པའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ ཚོགས་ཡོངས་ལ་དེབ་དེ་རྩོམ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ། ལེགས་པ་དར་སྤེལ་དང་ཉེས་པ་བཀག་འགོག་བྱེད་རྒྱུ། སྤྱིར་ཡིག་ཆ་འདི་འདྲ་ཞིག་རྩོམ་དགོས་པའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་གང་ནས་ཀྱང་གནོན་ཤུགས་སྤྲད་པ་གང་ཡང་མེད། ཡིག་ཆ་འདི་ནི་རང་དོན་རང་གཅེས་ཀྱི་རི་བོ་དགེ་ལྡན་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགེ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་དགེ་ལྡན་པའི་དབུ་ཁྲིད་རྣམ་པས་ཐག་གཅོད་གནང་སྟེ་དགེ་ལྡན་པ་སྤྱི་ཐོག་ནས་བརྩམས་པ་ཞིག་ཡིན།
ཡིག་ཆ་འདི་རྩོམ་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་དོལ་རྒྱལ་སྐོར་ཞིབ་འཇུག་མཐར་ཕྱིན་པ་མཛད་དེ་ཐུགས་བརྩེ་བ་ཆེན་པོས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་ཡོངས་གྲགས་སུ་ཕྱི་ལོ་ ༡༩༧༩ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ནས་བཟུང་ད་བར་དོལ་རྒྱལ་སྐོར་མིག་ཁ་ཕྱེ་བ་ལྟ་བུའི་བཀའ་སློབ་ལམ་སྟོན་རྒྱ་གང་ཆེ་ཡང་ཡང་སྩལ་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ཏུ། རེ་ཟུང་གིས་༸གོང་ས་མཆོག་གིས་ཆོས་དད་རང་དབང་འཕྲོག་གི་འདུག་ཅེས་སྒྲོ་འདོགས་སྐུར་འདེབས་ཀྱི་འཆལ་གཏམ་འཆར་ཅན་འུར་སྒྲོག་བྱེད་བཞིན་འདུག་པ་འདིས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དེ་ཚོས་ཆོས་ཡང་དག་ཅིག་ཡིན་མིན་གསལ་པོ་མ་བྱེད་ཐབས་མེད་གྱུར་བར་བརྟེན་ནས་ཡིག་ཆ་འདི་བརྩམས་དགོས་གྱུར་ཡོད། གཉིས་པ་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གིས་ཀུན་ཕན་རླབས་ཆེན་མཛད་འཕྲིན་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་ཡོངས་ལ་དར་ཁྱབ་རྒྱ་ཆེ་འགྲོ་བཞིན་པའི་སྐབས་འདིར་དོལ་རྒྱལ་རྗེས་འབྲང་པ་ཚོས་དོལ་རྒྱལ་འདི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་སྲུང་ཡིན་ཟེར་བ་སོགས་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་གསལ་པོ་བཟོ་རྒྱུའི་སླད་དུ་གསར་དུ་རྩོམ་སྒྲིག་བྱེད་དགོས་བྱུང་སྐོར་སྙན་སྒྲོན་ཞུས།
དེ་རྗེས་༸གོང་ས་མཆོག་གིས་དཔེ་དེབ་དེ་དབུ་འབྱེད་མཛད་དེ་དོལ་རྒྱལ་སྐོར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་དོན། དེ་རིང་འདིར་དོལ་རྒྱལ་སྐོར་ལ་ཁྱེད་ཚོས་ཡིག་ཆ་ཞིག་ཕྱོགས་སྒྲིག་ཞུས་འདུག ཁ་སང་ལྡི་ལིར་ཆོས་འཕེལ་བཟོད་པས་དེབ་འདི་པར་ཕུད་གཅིག་གནང་བྱུང་ཡང་ཀློག་རྒྱུ་མ་བྱུང་། འོན་ཀྱང་དཀར་ཆག་དེར་རོབ་ཙམ་བལྟས་པ་ཡིན། དངོས་ཡོད་གནས་ཚུལ་རྣམས་ཡིག་ཐོག་ལ་ཕྱོགས་བསྡོམས་བརྒྱབ་པ་ཧ་ཅང་ཡག་པོ་བྱུང་འདུག བར་སྐབས་དོལ་རྒྱལ་དེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་ཟེར་ཏེ་མང་པོ་ཞིག་གིས་བསྟན་པའི་སྲུང་མར་ངོས་འཛིན་བྱེད་མཁན་བྱུང་བའི་ཁོངས་སུ་ངོས་ཀྱང་ཡོད་པ་རེད། གྲོ་མོ་དུང་དཀར་དགོན་པར་སླེབས་སྐབས་སྐུ་ཕེབས་གཅིག་ཡོད་པ་རེད། སྐབས་དེར་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་འབྲེལ་བའི་གནས་ཆུང་དང་དགའ་གདོང་གི་སྐུ་རྟེན་མཉམ་དུ་མེད་པར་བརྟེན་དོལ་རྒྱལ་དང་འབྲེལ་བ་ཞིག་བྱུང་བ་རེད། ངོས་ལ་ཆ་བཞག་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་དངོས་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་བསམ་གྱིས་མ་ཁྱབ་པ་ཡིན། དེ་ལྟ་བུའི་ཤུགས་རྐྱེན་བསླེབས་ཏེ་ངོས་ནས་ཀྱང་དོལ་རྒྱལ་བསྟན་པ་ཡིན།
དེ་རྗེས་རྒྱ་གར་ལ་བསླེབས་པ་ནས་རིམ་པས་ཕྱོགས་གཅིག་ནས་འབྲས་སྤུངས་ཀྱི་རྒན་པདྨ་རྒྱལ་མཚན་དང་། དེ་སྔའི་རྒན་སྟོང་དཔོན་གྱིས་གསུང་སྒྲོས་དང་། མཁན་ཆེན་རྡོ་རྗེ་འཆང་གླིང་རིན་པོ་ཆེ་ཕྲན་བུ་བག་ཡོད་གནང་མཁན་ཞིག་བྱུང་བ་རེད། དེ་རྗེས་ངོས་ནས་ཀྱང་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཏེ་དེ་ལྟར་བྱས་པ་ཡིན། དྲེགས་པ་ཞེས་ཟེར་བ་དེར་མཐའ་དམན་པའི་བློ་རང་ག་བ་ཞིག་གིས་ཚོད་དཔག་བྱེད་ཐུབ་རྒྱུ་ཞིག་མེད། སྤྱིར་གང་ཟག་གི་གང་ཟག་ཚོད་ཟིན་རྒྱུ་ཁག་པོ་རེད་ལ་ལྷག་པར་གཟུགས་མེད་ལ་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་བརྟག་དཔྱད་རིམ་པས་བྱས་ཡོད་པ་དེ་དག་ངོས་ཀྱིས་དེ་སྔ་བཤད་ཡོད་པ་རྣམས་ལ་འཁོད་ཡོད།
ཁ་སང་རོབ་ཙམ་ཞུ་རྒྱུ་བྱུང་། མཐའ་མ་ངོས་ཀྱིས་ཟན་བརྟག་བསྒྲིལ་ནས་ཐག་གཅོད་བྱས་པ་རེད། གང་ལྟར་རིམ་པས་ཞིབ་འཇུག་བྱེད་སྐབས་དོལ་རྒྱལ་རྒྱུས་ཡོད་ཆེ་ཤོས་༸གོང་ས་ལྔ་པ་ཆེན་པོའི་སྐབས་ལ་རེད། ལྔ་པ་ཆེན་པོས་དོན་དག་སྙིང་པོ་འདི་ཕལ་ཆེར་༸གོང་ས་ལྔ་པའི་གསུང་པུ་ཏི་བཅོ་བརྒྱད་ནང་དུ་འཕྲིན་བཅོལ་རིགས་མཛད་པའི་ནང་ཟུར་དཔང་དེ་ཡོད། ཟུར་དཔང་བརྩམ་པ་ཡིན་ཞེས་༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་ནང་ཡོད་པ་དེ་ཕྱིས་སུ་མཐོང་སྐབས་༸གོང་ས་ལྔ་པ་ཆེན་པོས། གད་ཁ་ས་ལགས་ཨ་རྒྱལ་གྱི་འཁྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ། སྨོན་ལམ་ལོག་པའི་དམ་སྲི་གྱུར་ཏེ། འགྲོ་བ་ལ་འཚེ་བ་བྱེད་སྟབས་དེ་འདུལ་ཐབས་ཀྱི་ཐབས་ཤེས་གང་ཡོང་གནང་ཡོད་ནའང་ལེགས་ལམ་སོན་པ་མ་བྱུང་ནས་མཐར་མངོན་བརྗོད་གནང་བ་ཡིན་ཞེས་དེའི་སྐབས་ཀྱི་ཟུར་དཔང་མཛད་པ་དེའི་ནང་། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞེས་གསུངས་ཡོད། སྙིང་པོ་འདི་རེད། སྨོན་ལམ་ལོག་པ་གསུང་སྐབས་རྒྱུའི་ཁྱད་པར་གསུངས། དམ་སྲི་འབྱུང་པོ་ཞེས་པ་འདི་ངོ་བོའི་ཁྱད་པར། བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞེས་པ་འདིས་བྱེད་ལས་ཀྱི་ཁྱད་པར་ཚབས་ཆེན་པོ་ཞིག་གསུངས་ཡོད། སྨོན་ལམ་ལོག་པའི་དམ་སྲི་ཞེས་པ་འདི་དོལ་རྒྱལ་རང་ཉིད་བཀྲ་ཤིས་ལྷུན་པོ་ལ་ཞལ་ཕྱོགས་ནས་ཕེབས་སྐབས་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་ནས་ཕེབས་མ་ཐུབ་པར་བརྟེན་ཁྲོས་པའི་ཚུལ་གྱི་ས་སྐྱར་ཕེབས། སྐབས་དེའི་ས་སྐྱ་བདག་ཁྲིས་གཟིགས་ནས་ཁྱེད་གང་འདྲ་ཡིན་ནམ། ཞེས་བཀའ་འདྲི་གནང་སྐབས་ང་དགེ་ལུགས་པའི་དམ་སྲི་ཡིན། ཞེས་སོ་སོའི་ངོ་སྤྲོད་དང་པོ་འདི་དེ་རེད།
འདི་རང་བཞིན་བརྗོད་པ་དང་དྲང་པོ་རེད་འདུག དེར་བརྟེན་དམ་ཚིག་ཉམས་པའི་མི་དང་མི་མིན་སུ་དང་སུ་ཡིན་ནའང་སྒེར་པ་སོ་སོའི་ལྷག་བསམ་གང་འདྲ་ཡིན་མིན་ལ་མ་ལྟོས་པར་དམ་ཚིག་ཉམས་པ་ཞིག་ཡིན་སྟབས། གང་བྱས་ཀྱང་གྲ་མ་འགྲིག་པ་ཞིག་ཡོང་གི་ཡོད། ལོ་རྒྱུས་ནང་ཨ་ལྕོག་གཉིས་ཀས་ཉན་མིག་གཉིས་ཀ་ཕྱེ་ནས་ཡག་པོ་ཞིག་བལྟས་པ་ཡིན་ན་ཕན་ལས་གནོད་ཆེ་བ་ཡོད་པ་ཧ་ཅང་གསལ་པོ་ཡིན། བར་སྐབས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་སྐུ་ཚེའི་སྟོད་ལ་དངོས་གནས་རིས་མེད་གནང་མཁན་ཞིག་དང་སྐུ་མདུན་སྐུ་གོང་མས་གཟིགས་པ་ཆེན་པོ་ཡོད་པའི་བླ་མ་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ཆགས་ཡོད། ཕྱིས་སུ་དོལ་རྒྱལ་འབྲེལ་བ་བྱུང་ཡོད། དོལ་རྒྱལ་འབྲེལ་བ་བྱུང་རྒྱུ་དེ་ཡང་སྟག་ཕུ་རྡོ་རྗེ་འཆང་གིས་རྩ་གསུམ་ལྷའི་ཞལ་གཟིགས་ཡོང་བཞིན་ཡོད། དེ་འདྲའི་ཐོག་ནས་ཡོང་བ་ཞིག་རེད་མི་འདུག སྲོག་གཏད་དེ་སྟག་ཕུ་རྡོ་རྗེ་འཆང་གིས་དག་སྣང་ཞིག་གསུང་བཞིན་ཡོད་ཀྱང་དེའི་་ནང་མེད།
གང་ལྟར་རིན་པོ་ཆེ་རང་གི་རྣམ་ཐར་ནང་རིན་པོ་ཆེས་སྔ་མོ་རིས་མེད་གནང་ནས་ཁ་ཐུག་དེར་འདོད་འཇོའི་བུམ་བཟང་གསན་རྒྱུའི་དགོངས་པ་འཁོར་སྐབས་ཆོ་འཕྲུལ་བྱུང་ནས་དོལ་རྒྱལ་བསྟེན་པ་གནང་རྒྱུ་དེ་ཞེད་སྣང་འོག་ནས་བསྟན་པ་གསལ་པོ་རེད། དེ་ལྟ་བུས་རྐྱེན་པས་ཕྱིས་སུ་ཆོས་ལུགས་འཐེན་འཁྱེར་གྱི་རྐྱེན་ཆགས་ཡོད། དཔེར་ན། གསུང་འབུམ་ནང་གསལ་པོ་ཡོད། བླ་མ་མཆོད་པའི་ཚོགས་ཤིང་ནང་ལ་རྟ་མགྲིན་ཡང་གསང་བཀོད་རྒྱུ་མེད། ཅེས་གསུངས་ཡོད། རིན་པོ་ཆེ་རང་ཉིད་འགོ་སྟོད་ལ་རིས་མེད་གནང་བཞིན་ཡོད་ཀྱང་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་གནང་ནས་ཆུ་བཟང་རི་ཁྲོད་ལ་ཕེབས་ཡོད། སྐབས་དེར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཆུང་ཆུང་ཡིན་གསུངས་བྱུང་། ཆུ་བཟང་ལ་བཞུགས་སྐབས་སྐྱབས་རྗེ་རིན་པོ་ཆེས་ལྗགས་བསྙེན་གནང་སྟེ་སྦྱིན་སྲེག་གནང་རྒྱུའི་ཁྱད་རྫས་རིལ་པོ་མང་པོ་ཞིག་ཞབས་ཕྱི་ཚོས་བསྒྲིལ་གནང་གི་འདུག་པ་ཁྲི་བྱང་སྐུ་ན་ཕྲ་བར་བརྟེན་ཁོང་གིས་དེ་གང་རེད་ཅེས་འདྲི་སྐབས་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་གནང་ནས་སྦྱིན་སྲེག་གནང་རྒྱུའི་ཁྱད་རྫས་རེད། ཅེས་ཞུས་ཡོད་སྐོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རང་གིས་ངོས་ལ་གསུངས་བྱུང་།
དེར་བརྟེན་ཐོག་མར་རིན་པོ་ཆེ་རང་གིས་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་གནང་ཡོད། སྟག་ཕུ་རྡོ་རྗེ་འཆང་ཆ་བཞག་ནའང་རང་ལུགས་དགེ་ལུགས་ཀྱི་བླ་མ་ཡིན་ནའང་རྙིང་མའི་ཆོས་འཁོར་མང་པོ་འདུག སྟག་ཕུ་རྡོ་རྗེ་འཆང་ལ་བཀའ་བརྒྱད་ཀྱི་དག་སྣང་གཅིག་ཀྱང་ཡོད། བཀའ་བརྒྱད་ཀྱི་དག་སྣང་གི་པར་རྩ་ཁྲི་བྱང་རིན་པོ་ཆེའི་གཟིམ་ཤག་ལ་ཡོད་གསུངས་བྱུང་། འོན་ཀྱང་སྐབས་དེར་ཟིང་འཁྲུག་ལངས་པར་བརྟེན་པར་བཀོད་རྒྱུ་མ་བྱུང་བ་རེད། གང་ལྟར་ངོས་ཀྱིས་ཞུ་དོན་ཕྱིས་སུ་ཕྱོགས་རིས་དགོངས་པ་འཁོར་སྐབས་བླ་མ་མཆོད་པའི་ཚོགས་ཤིང་ནང་རྟ་མགྲིན་ཡང་གསང་བཀོད་ན་འགྲིག་གི་མེད་སྐོར་གསུངས་པ་འདི་རྣམ་ཐར་ནང་ཡོད་པ་འདི་རེད། འདིས་རྐྱེན་པས་སྐུ་ཚེའི་སྟོད་ལ་སྐུ་མདུན་སྐུ་གོང་མས་གཟིགས་པ་ཆེན་པོ་ཡོད་པ་འདི་སྐུ་ཚེའི་སྨད་ལ་དགོངས་འགལ་ཡོང་རྒྱུ་ཞིག་ཆགས་ཡོད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་མཛད་སྤྱོད་གཞན་གྱི་ཐོག་ནས་དགོངས་པ་འགལ་རྒྱུའི་རྒྱུ་མཚན་མེད། དོལ་རྒྱལ་བསྟེན་པ་གནང་བ་དེས་དགོངས་འགལ་བྱུང་ཡོད། དེར་བརྟེན་ཡིག་ཆ་ཞིག་ནང་སྐུ་མདུན་སྐུ་གོང་མ་མ་གཤེགས་གོང་རྨེའུ་ཏཱ་བླ་མར་དོལ་རྒྱལ་སྐུ་ཕེབས་ཀྱི་རྨི་ལམ་བཏང་སྟེ། དགུ་རྫོགས་གནམ་གང་ལ་ཡིན་ད། ཞེས་སྐད་སངས་མཐོན་པོས་བསྒྲགས་བྱུང་། ཞེས་གསུངས་ཡོད།
སྐད་སངས་མཐོན་པོ་ཞེས་པ་འདི་གཏམ་བཟང་ཤོད་རྒྱུ་ཡོད་ན་སྐད་སངས་མཐོན་པོ་བྱེད་ཀྱི་རེད། གཏམ་ངན་ཤོད་རྒྱུ་ཡོད་ན་ཡིད་ཞུམ་ནས་ཤོད་ཀྱི་རེད་མ་གཏོགས་སྐད་སངས་མཐོན་པོས་ཤོད་ཀྱི་མ་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་བཀྲ་ཤིས་ལྷུན་པོར་བཞུགས་སྐབས་ནུབ་གཅིག་མཚན་ལམ་ལ་ལྷ་མོས་ངའི་མིང་པོ་གཤེགས་སོང་ཞེས་རྗེ་བཙུན་ཤེས་རབ་སེངྒེ་དབུས་ལ་དགོངས་པ་རྫོགས་ནས་ལྷ་མོས་ངུ་བཞིན་ངུ་བཞིན་ཞུས་འདུག དེར་བརྟེན་དགུ་རྫོགས་གནམ་གང་ལ་ཡིན་ད། ཞེས་སྐད་སངས་མཐོན་པོས་བསྒྲགས་རྒྱུ་འདི་གཏམ་བཟང་ལ་བརྩིས་ནས་བཤད་པ་གསལ་པོ་རེད། དེར་བརྟེན་དགུ་རྫོགས་གནམ་གང་ཟེར་རྒྱུ་དེ་མཐའ་མར་སྐུ་མདུན་སྐུ་གོང་མ་དགོངས་པ་གཤེགས་རྒྱུ་ཡིན་པ་རྣམ་ཐར་ནང་ཡོད། སྐུ་མདུན་སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་ཕྱོགས་ཡོངས་ཀྱི་གནས་ཚུལ་ནས་བལྟས་པ་ཡིན་ན་བཀའ་དྲིན་ཧ་ཅང་ཆེན་པོ་ཆགས་ཡོད། སྐུ་མདུན་སྐུ་གོང་མའི་དགོངས་པ་འདི་རྗེས་འཇུག་ཚོས་ཆ་ཚང་བསྒྲུབ་མ་ཐུབ་པར་བརྟེན་འཐུས་ཤོར་ཕྱིན་པ་རེད་མ་གཏོགས་སྐུ་གོང་མ་རང་ཉིད་ཀྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་གཟིགས་ནས་དགོངས་པ་བཞེས་འདུག བསྟན་པ་ལ་ཆ་བཞག་ན་རབ་བྱུང་བསྙེན་རྫོགས་ཁྲི་ཕྲག་བརྒལ་བ་སྒྲུབ་པ་གནང་ཡོད། གསུང་ཆོས་དེ་ཙམ་རྒྱ་ཆེན་པོ་མེད་ཀྱང་རབ་བྱུང་བསྙེན་རྫོགས་བསྒྲུབ་རྒྱུ་ཧ་ལས་པ་གནང་ཡོད། གདན་ས་ཁག་ཏུ་སློབ་གཉེར་ལ་དམ་བསྒྲགས་ཧ་ཅང་གནང་ཡོད། སློབ་གཉེར་ཡག་པོ་ཡོད་པ་དེ་དག་ལ་གཟེངས་བསྟོད་དང་དབུགས་དབྱུང་ཧ་ཅང་གནང་ཡོད། བཀའ་དྲིན་ཆེན་པོ་ཡིན། དེ་ལྟ་བུའི་བླ་མ་གཤེགས་སྐབས་དགའ་བསུ་ཞུ་མཁན་འདི་ཡག་རྟགས་ཤིག་མིན། གནས་ཚུལ་དེ་དག་རྣམ་ཐར་ནང་གསལ་པོ་ཡོད། ཐུན་མོང་གདུལ་བྱའི་སྣང་ངོར་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རང་ཉིད་ཀྱིས་སྐུ་མདུན་སྐུ་གོང་མ་གཤེགས་རྗེས་དོལ་རྒྱལ་བསྟེན་གསོལ་ཧ་ཅང་དར་སྤེལ་གནང་བ་ལྟ་བུ་འདུག ངོས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པ་རེད་བསམས་ནས་ལོ་མང་རིང་དོལ་རྒྱལ་བསྟེན་པ་རེད། ངོས་ནས་ཀྱང་གནས་ཚུལ་ངོ་མ་མ་ཤེས་པར་བརྟེན་ནོར་འཁྲུལ་སྟེང་ཕྱིན་པ་རེད།
བར་སྐབས་གནས་ཚུལ་གསལ་པོ་ཆགས་དུས་གདན་སའི་མཁན་པོ་དགེ་བཤེས་གྲས་རྒན་བློ་ཐུབ་བསྟན་དང་རིན་པོ་ཆེ་ཡང་ཡོད། ཁོང་ཚོ་དང་ཕྱིས་སུ་ཐུག་སྐབས་ད་བར་དོལ་རྒྱལ་བསྟེན་གྱི་ཡོད། འོན་ཀྱང་ད་ཆ་བླ་མ་དང་ཆོས་སྐྱོང་བྱས་ན་བླ་མ་གལ་ཆེ་བ་རེད། རྒྱུད་སྡེའི་ནང་དུའང་བླ་མ་ལ་བསྟེན་ཚུལ་ལོག་པ་དང་བླ་མའི་བཀའ་དང་འགལ་ན་ཉེས་པ་ཡོད་པ་གསུངས་ཡོད། དྲེགས་པའི་བཀའ་དང་འགལ་ན་ཉེས་པ་ཡོད་པ་གསུངས་མེད། དེར་བརྟེན་རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་དེར་བློ་གཅིག་སེམས་གཅིག་གིས་སྤངས་བླང་བྱ་རྒྱུ་ཡིན་ཞེས་གསུངས་མྱོང་ཡོད། མང་པོ་ཞིག་གིས་དེ་ལྟར་བྱས་ནས་ཕེབས་པ་རེད། གང་ལྟར་མ་ཤེས་པའི་ཐོག་ནས་འགྲོ་མཁན་མང་པོ་ཞིག་འདུག
ཁ་སེང་ངོས་ལ་དེབ་འདི་ཞལ་དབྱེ་བྱེད་རོགས་བརྗོད་བྱུང་། སྐབས་དེར་ངོས་ཀྱིས་བཀའ་ཆོས་སར་བྱས་ན་ཞེས་བརྗོད་པ་ཡིན། གང་ཡིན་བརྗོད་ན་ངོས་ཀྱིས་འདི་ཤོད་དགོས་རྒྱུ་འདི་ད་ལྟ་ཤར་རྩེའི་མཁན་པོས་ཐོ་འདིའི་ནང་བརྗོད་སོང་། འགོ་སྟོད་བོད་ནང་དུ་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་སྟེན་བཞིན་ཡོད། འོན་ཀྱང་དོལ་རྒྱལ་བཀག་འགོག་བྱ་རྒྱུ་དེ་རྙིང་མར་ངོ་བསྟུན་ནས་བྱས་པ་རེད་མ་གཏོགས་ནང་དོན་དོལ་རྒྱལ་བསྟེན་གྱི་ཡོད་པ་བརྗོད་བཞིན་འདུག ཉེ་ཆར་ངོས་ཀྱིས་པར་ཞིག་མཐོང་བྱུང་། ངོས་ཀྱི་པར་མདུན་དང་དེའི་རྒྱབ་ཏུ་དོལ་རྒྱལ་གྱི་གོས་ཐང་གཅིག་འདུག པར་འདི་བསྟན་ནས་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་གྱི་ཡོད་པ་རེད། ཅེས་བརྗོད་ནས་མགོ་སྐོར་གཏོང་བཞིན་འདུག ངོས་རང་འདིར་མ་འཆི་བར་སྡོད་ཡོད་སྟབས། མ་འཆི་གསོན་པོ་སྡོད་རིང་ཁ་མ་གྲག་ན་མི་དེ་ཚོས་ཧམ་པ་དང་སྐྱག་རྫུན་ཧ་ཅང་འཁྲབ་བཞིན་འདུག དེར་བརྟེན་དེ་རིང་འདིར་མང་ཚོགས་ཁྲོད་ངོས་ཀྱིས་བརྗོད་ན་བསམ་པ་དྲན་བྱུང་།
དེ་བཞིན་བར་སྐབས་བོད་ནང་དུ་དོལ་རྒྱལ་བསྟེན་མཁན་རིགས་འགའ་ཤས་ཀྱིས་དོལ་རྒྱལ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་རྣམ་སྤྲུལ་ལས་ལྷག་པ་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་དང་། རྗེ་རིན་པོ་ཆེ་དྲག་པོའི་སྐུར་བཞེངས་པ་རེད། ཅེས་ཤོད་ཀྱི་འདུག ཁ་སེང་ཞུས་པ་ལྟར་འཆི་བ་འོད་གསལ་མ་བུ་སྲེས་ནས་སྒྱུ་ལུས་དྭངས་པའི་མཚམས་ལ་སྒྱུ་མའི་ལུས་ལ་དྭངས་ནས་མཆོག་གི་དངོས་གྲུབ་རྙེད་མཁན་གྱི་བླ་མ་ཞིག་དྲེགས་པར་སྐྱེས་ཟེར་རྒྱུ་འདི་བསྟོད་ར་རེད་སྨད་ར་རེད། བསྟོད་མི་ཤེས་པ་ཞིག་གིས་བསྟོད་ན་སྨད་རར་འགྲོ་རྒྱུ་རེད། དེར་བརྟེན་ཁུངས་བཙན་གྱི་ལོ་རྒྱུས་ཡིག་ཆ་འདི་ཚོ་གལ་ཆེན་པོ་འདུག དེ་རིང་འདིར་དེབ་འདི་ཞལ་དབྱེ་བྱས་པ་རེད། ཁྱེད་ཚོས་ཀྱང་ཡང་དོལ་རྒྱལ་སྐོར་དེབ་གཅིག་འདུག་ཟེར་ནས་གཡུག་མ་བཞག་པར་སོ་སོས་ཀློག མི་ལ་སྤྲདནས་འདི་ལྟ་རུ་བཅུག སོ་སོས་འགྲེལ་བཤད་རྒྱག་དགོས། དེབ་འདི་ངོས་ཀྱིས་ཆ་ཚང་བ་ཞིག་ཀློག་རྒྱུ་མ་བྱུང་ཡང་དངོས་ཡོད་གནས་ཚུལ་གང་ཡིན་པ་བཀོད་ཡོད། དེར་བརྟེན་འདི་ཤེས་པ་བྱེད་དགོས། འོན་ཀྱང་ཤེས་བཞིན་དུ་ཁྱད་གསད་བྱས་ན་སོ་སོའི་རང་དབང་རེད། སངས་རྒྱས་ཀྱི་བསྟན་པ་ལ་སྐུར་བ་བཏབ་ནའང་སོ་སོའི་འདོད་པ་རེད། དགེ་ལུགས་པའི་ཆོས་འདི་དམ་སྲི་བསྟེན་རྒྱུ་ཞིག་སྒང་ལ་ཕྱིན་པ་ཡིན་ནའང་སོ་སོའི་རང་དབང་རེད་མ་གཏོགས་ཁྱད་པར་གང་ཡང་མི་འདུག མ་ཤེས་པར་འུར་སྒྲོག་ཀྱི་རྗེས་ལ་རི་བོང་ཅལ་འདྲོགས་བྱས་ནས་ཕྱིན་པ་ཡིན་ན་གྱོང་རག་གི་རེད། འདི་བསམ་བློ་ཐོངས། སྔ་མོ་ངོས་ནས་ཀྱང་རི་བོང་ཅལ་འདྲོགས་སྒང་ལ་ཕྱིན་པ་རེད། ངོས་ཀྱི་ཉམས་མྱོང་ཐོག་ནས་ཧོལ་རྒྱུགས་བྱས་ཏེ་འགྲོ་རྒྱུ་མི་འདུག་ཅེས་ཞུ་རྒྱུ་ཡིན། དེ་ཁྱེད་རང་ཚོས་དགོངས་པ་བཞེས་ནས་གཟབ་གཟབ་གནང་། ཤེས་བཞིན་དུ་ཁྱད་གསད་བྱེད་མཁན་དེ་རིང་ཁ་སང་ཨ་རི་དང་ཡུ་རོབ།
དེ་བཞིན་རྒྱ་གར་ནང་དུའང་ཡོད། གནས་ཚུལ་དེ་ཁག་ཁག་རེད། བར་སྐབས་ངོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་སྐབས་ལོ་འགའ་ཤས་གོང་ལ་རྒྱ་མི་ངོ་རྒོལ་བྱེད་མཁན་དང་ཤུགས་ལྡན་ཚོགས་པ་ངོ་རྒོལ་བྱེད་མཁན་མཉམ་དུ་ཡོང་གི་རེད། བར་སྐབས་ལོ་གཅིག་གཉིས་ནང་རྒྱ་མི་ངོ་རྒོལ་བྱེད་མཁན་ཉུང་དུ་ཕྱིན་ནས་ད་ཆ་མི་འདུག འོན་ཀྱང་ཤུགས་ལྡན་ཚོགས་པ་ངོ་རྒོལ་བྱེད་མཁན་མང་པོ་དེ་ཙམ་མེད་ཀྱང་མ་ཆད་པ་བྱས་ནས་ཡོང་གི་འདུག ཁ་སང་ཨ་རི་དང་ཨོ་སི་ཊོ་ལི་ཡ་ལའང་འགའ་ཤས་འདུག དེ་འགྲིག་པ་རེད། གཏམ་བརྗོད་རང་དབང་རེད། གང་བྱས་ཀྱང་ཁྱད་པར་གང་ཡང་མི་འདུག རྒྱ་མིའི་དཔོན་པོ་གཅིག་གིས་ངོས་རང་བདུད་རེད་ཅེས་བརྗོད་པ་རེད། གསར་འགྱུར་འདི་ཐོག་མར་ངོས་ཀྱིས་ཐོས་སྐབས་ངོས་རང་ཨི་ཊ་ལིར་ཡོད། ཁུལ་དེའི་གྲོང་ཁྱེར་ཁག་མང་པོ་ཞིག་གི་གྲོང་ཁྱེར་སྤྱི་ཁྱབ་པ་དང་ང་ཚོ་མཉམ་དུ་ཚོགས་ནས་བསྡ་ཡོད། སྐབས་དེར་ང་ཚོ་མཉམ་དུ་གསར་འགོད་པ་དང་ཐུག་པ་རེད། གསར་འགོད་པ་ཞིག་གིས་ཉེ་ལམ་རྒྱ་མིའི་དཔོན་པོ་གཅིག་གིས་ཏཱ་ལའི་བླ་མ་བདུད་རེད་ཅེས་བརྗོད་འདུག དེར་བསམ་ཚུལ་གང་ཡོད་བརྗོད་ཀྱི་འདུག སྐབས་དེར་ངོས་རང་བདུད་ཡིན། བདུད་རྭ་ཅོ་ཡོད་པ་འདི་ཡིན་ཞེས་བརྗོད་པ་ཡིན། ངོས་རང་གད་མོ་ཤོར་རྒྱུ་མ་གཏོགས་ཁྱད་པར་གང་ཡང་མི་འདུག བར་སྐབས་རྒྱ་མི་དེ་འདྲར་ད་ཆ་བདུད་ཀྱི་རྭ་ཅོ་རིང་དུ་རིང་དུ་འགྲོ་གི་འདུག་ཅེས་བརྗོད་པ་ཡིན། སྤྱིར་སངས་རྒྱས་ཀྱི་བསྟན་པའི་དགྲ་བོ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པའི་དགྲ་བོ་རེད། ཅེས་ཟེར་གྱི་འདུག
ངོས་ལ་ཁྱད་པར་གང་ཡང་མི་འདུག ངོས་ལ་སྐྱོན་བརྗོད་བྱས་པར་ཁྱད་པར་གང་ཡང་མི་འདུག ཁྱེད་རང་ཚོ་མགོ་སྐོར་ཐེབས་ན་ཡག་པོ་མེད། ཤེས་བཞིན་དུ་ཁྱད་གསོད་བྱེད་མཁན་ཞིག་ཡིན་ན་སོ་སོའི་རང་དབང་རེད། སྔ་མོ་ནས་ངོས་ཀྱིས་བརྗོད་པ་ཡིན། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། ཉན་དང་མ་ཉན་སོ་སོའི་བསམ་བློ་རེད། ཅེས་བཤད་ཡོད། ཉན་དང་མ་ཉན་སོ་སོའི་རང་དབང་རེད། ཁྱེད་རང་ཚོས་ཡིད་གཟབ་བྱེད་དགོས་པ་ཞིག་ལ་ངོས་རང་ནམ་རྒྱུན་ཨ་རིར་བསླེབས་སྐབས་སྲུང་སྐྱོབ་དེ་ཨ་རིའི་སྲུང་སྐྱོབ་སྡེ་ཚན་གྱིས་འགན་འཁྱེར་བཞིན་ཡོད། དེ་བཞིན་རྒྱ་གར་གཞུང་ནས་ཀྱང་སྲུང་བྱ་བཙུགས་ནས་འགན་ཁྱེར་བཞིན་ཡོད། རྒྱ་གར་སྲུང་སྐྱོབ་སྡེ་ཚན་ནས་དོལ་རྒྱལ་ཚོགས་པས་ཏཱ་ལའི་བླ་མར་ཉེན་ཁ་འདུག་བརྗོད་ནས་རྡ་རམ་ས་ལར་ལྕགས་རི་གསར་པ་བསྐོར་དགོས་པ་ཆགས་པ་རེད། ཨ་རིའི་སྲུང་སྐྱོབ་སྡེ་ཚན་ནས་ཀྱང་ཏཱ་ལའི་བླ་མར་ཉེན་ཁ་ཡོང་ས་གཅིག་དོལ་རྒྱལ་ཚོགས་པ་ནས་ཡོང་གི་འདུག་ཅེས་ཤོད་ཀྱི་འདུག དྲེགས་པ་གདུག་རྩུབ་ཅན་ཞིག་བསྟེན་སྐབས་མིའི་གཤིས་ཀ་དེ་ཡང་ཧ་ཅང་རྩུབ་པོ་ཆགས་བཞིན་འདུག དང་པོ་མཚན་ཉིད་སློབ་དཔོན་བསད་པ་རེད། ཁོང་ངའི་སྡོད་ས་དང་ཐག་ཉེ་པོ་རེད། གཙུག་ལག་ཁང་གི་རྒྱབ་ལ་རེད། མཚན་ཉིད་སློབ་དཔོན་གཟུགས་པོ་གྲི་བཅུ་དྲུག་བཙུགས་རྗེས་སྐེ་བྲེགས་ནས་བསད་པ་རེད། མཉམ་དུ་ཡུ་ནན་ནས་ཡིན་པའི་རྒྱ་སྐད་ཧ་ཅང་བདེ་པོ་ཡོད་པའི་སྐད་སྒྱུར་གནང་མཁན་དགེ་སློང་ན་གཞོན་ཞིག་ཡོད་པ་དེ་ཡང་བསད་པ་རེད།
སྐབས་དེར་ཁོང་གིས་རྟེན་འབྲེལ་བསྟོད་པ་རྒྱ་སྐད་ནང་སྒྱུར་བཞིན་ཡོད། ཁོང་དང་ལྷན་རོགས་པ་གཞན་ཞིག་གཅིག་ཡོད་པ་དེ་ཡང་བསད་པ་རེད། གང་ལྟར་མི་གསུམ་དུས་གཅིག་ལ་བསད་པ་རེད། དེ་ནས་ལྡི་ལིའི་དོལ་རྒྱལ་ཚོགས་པའི་གྲས་ཀྱིས་མི་ཡར་འགྲོ་མར་འགྲོ་བྱེད་མཁན་གྲྭ་སའི་ནང་ནས་འགའ་ཤས་ལ་ཉེས་རྡུང་བཏང་ནས་སྲོག་ལ་ཉེན་ཁ་བཟོས་པ་བྱུང་ཡོད། གཞིས་ཆགས་ནང་དུའང་ཞེད་སྣང་སྐུལ་མཁན་འགའ་ཤས་བྱུང་ཡོད། མ་གཞི་ངོས་རང་ཕར་ཚུར་འགྲོ་སྐབས་གྲྭ་ས་གྲྭ་ཚང་སོ་སོའི་ཁུངས་ནས་དོ་སྣང་བྱེད་ཀྱི་འདུག བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཉེན་ཁ་མེད་པ་མ་རེད། ཉེན་ཁ་འདུག་ཅེས་རྒྱ་གར་དང་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་བརྗོད་ཀྱི་འདུག དོན་མེད་ཉེས་རྡུང་ཟེད་ནའང་འདྲ། མེ་མདའ་སོགས་བརྒྱབ་པ་ཡིན་ན་སྡུག་གྱོང་རེད། དེར་བརྟེན་གཟབ་གཟབ་བྱེད་དགོས་པ་འདུག གཞན་ཁོང་ཚོས་གང་བྱས་ཀྱང་ངོས་ལ་ཁྱད་པར་གང་ཡང་མི་འདུག ༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ཡོད་ཀྱང་དེ་དག་ཅང་མི་མངོན་པ་བྱས་ཏེ་བཞུགས་ཡོད། སྔ་མོ་ངོས་ཀྱིས་དོལ་རྒྱལ་བསྟེན་པ་རེད། དེ་བཞིན་སྐྱབས་རྗེ་རིན་པོ་ཆེ་དང་་སྐྱབས་རྗེ་ཟོང་རིན་པོ་ཆེས་ཧ་ཅང་བསྟེན་གྱི་ཡོད། གླིང་རིན་པོ་ཆེ་གནང་གི་མེད་ཀྱང་བཟོ་པོ་བྱས་ནས་བཞུགས་ཀྱི་ཡོད། དེ་ལྟ་བུའི་གནས་སྟངས་འོག་རྒན་པདྨ་རྒྱལ་མཚན་གྱིས་གནས་ཚུལ་དེའི་ཐོག་གདོང་ལེན་གནང་སྟེ་བཞུགས་པ་རེད་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། རྒན་པདྨ་རྒྱལ་མཚན་དང་རྒན་ཉི་མ་རྒྱལ་མཚན་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཀྱང་བཀའ་ཆོས་མང་དག་ཅིག་ཞུས་ཡོད། རིན་པོ་ཆེའི་ཐུགས་གཏིང་ནས་དོལ་རྒྱལ་མ་འགྲིགས་པ་ཞིག་ཡོད་པ་དེ་གསལ་པོ་རེད། ཧ་ཅང་དར་ཁྱབ་ཡོད་པའི་ནང་རྙོག་མ་གཏིང་སློང་བྱེད་མཁན་ངོས་རང་རེད།
ངོས་ཀྱིས་རྩིས་སྤྲོད་བྱེད་དགོས་བྱུང་ན་དཔལ་ལྡན་ལྷ་མོ་རེད། དཔལ་ལྡན་ལྷ་མོ་ནི་གཟུགས་མེད་ཡིན་སྟབས་ཁྱེད་ཚོར་གསུང་བྱོན་རྒྱུ་གང་ཡང་མེད། དེར་བརྟེན་དཔལ་ལྡན་ལྷ་མོའི་ཚབ་ངོས་ཀྱིས་བྱས་ཏེ་རྙོག་མ་གཏིང་སློང་བྱེད་དགོས་རྒྱུ་དེ་འབྱུང་སྟངས་དང་རྒྱུ་མཚན་ཤོད་རྒྱུ་ངོས་ཀྱི་ལས་འགན་ཆགས་ཀྱི་ཡོད། ངོས་ཀྱིས་རྙོག་མ་གཏིང་སློང་བྱས་ཟིན་རྗེས་ཁྱེད་རང་ཚོས་ལས་ཀ་ཧུར་ཐག་འབད་ཐག་བྱས་འདུག གོང་དུ་ཁྱེད་རང་ཚོའི་འགྲེལ་བཤད་ཧ་ཅང་ཡག་པོ་བྱུང་སོང། རྙོག་མ་གཏིང་སློང་བྱེད་མཁན་དང་པོ་ངོས་རང་ཡིན་སྟབས་ངོས་ཀྱིས་འགྲེལ་བཤད་མ་བརྒྱབ་ན་མ་འགྲིགས་པ་ལྟ་བུ་རེད། ཁྱེད་རང་ཚོ་ཚང་མས་གོ་སོང་ངམ། དགེ་འདུན་པ་ཚོས་གསན་སོང་ངམ། ཕྱི་རྒྱལ་གྱི་མི་མང་དག་ཅིག་འདུག་པ་ཁྱེད་རང་ཚོས་གོ་སོང་ངམ། གནས་ཚུལ་དེ་དག་ཤེས་སོང་ངམ། མགོ་སྐོར་མ་ཐེབས་པར་བྱས་ཏེ་གཟབ་གཟབ་བྱེད་དགོས། སོ་སོས་ཤེས་བཞིན་ཁྱད་དུ་གསོད་ནས་བསྟེན་ཏེ་འགྲོ་གི་ཡིན་ན་རང་དབང་རེད། ཅེས་བཀའ་སློབ་ཕེབས་ཡོད།