༢༠༡༤ ཟླ་ ༡ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་ག་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ ཉིན་ཏེ་ཕྱི་ལོའི་ལོ་གསར་ཚེས་གཅིག་གི་ཉིན་མོར་གཞིས་བྱེས་སྨར་ཁམས་ཆབ་འབངས་ཡོངས་ ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཀུན་ཁྱབ་མཛད་ཆེན་འབུལ་ལམ་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭར་ཆིབས་སྒྱུར་གྱིས་བཞུགས་ཁྲི་རིན་པོ་ ཆེར་༸ཞབས་སོར་འཁོད་བསྟུན། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་སོགས་དང་སེར་སྐྱ་མི་མང་གྲངས་ ༢༧༥༠༠ བརྒལ་བའི་དབུས་སུ་ཐོག་མར་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་གྱི་མཁན་པོས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ༸གོང་ས་མཆོག་གིས་ཕྱི་ལོའི་གནམ་ལོ་གསར་བཞད་ལ་འཚམས་འདྲི་མཛད་དོན། ཕྱི་རྒྱལ་བ་ཁྱེད་རྣམ་པར་ཕྱི་ལོའི་གནམ་ལོ་གསར་བཞད་ལ་སྤྲོ་པོ་ཡོང་བའི་འཚམས་ འདྲི་ཡོད། གསར་དུ་བཞད་པའི་ལོ་འདི་སྤྲོ་སྣང་ལྡན་པ་ཞིག་ཡོང་དང་ཡང་ན་སྡུག་བསྔལ་ཅན་ཞིག་ཡོང་མིན་དེ་ང་ཚོ་ཚང་མར་རག་ལུས་ཡོད། ལོ་གསར་པ་འདིར་ནང་སེམས་ལ་ཞི་བདེ་ལྡན་པ་ཞིག་བསྐྲུན་དགོས་པ་ཡིན། ཞེས་འཚམས་འདྲི་མཛད་རྗེས་བཀའ་སློབ་ཕེབས་དོན།
ལོ་གསར་པ་འཆར་ལོ་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་དང་སྡུག་བསྔལ་ཅན་གྱི་ལོ་ཞིག་ཡོང་མིན་ང་ཚོར་རག་ལུས་ཡོད། དེར་བརྟེན་ང་ཚོས་མི་སྒེར་སོ་སོའི་ངོས་ནས་སེམས་པ་བཟང་པོ་དང་འཚེ་བ་མེད་པའི་ཡ་རབས་སྤྱོད་བཟང་ཞིག་བྱེད་ཀྱི་ཡིན་ན་བདེ་སྐྱིད་ལྡན་པའི་ལོ་ཞིག་ཡོང་ཐུབ་རྒྱུ་རེད། དེ་རིང་ང་ཚོ་ཡང་སྤྱི་ལོའི་ལོ་གསར་འཛམ་གླིང་ཀུན་དང་མཐུན་པ་ལོ་གསར་པའི་དུས་ཆེན་ཞིག་ལ་བརྩིས་ཀྱང་འགྲིག་པ་རེད། དེ་རིང་ནི་༸གོང་ས་སྐུ་གོང་མའི་དགོངས་རྫོགས་ཀྱི་ཉིན་མོ་ཡིན། དེར་བརྟེན་ཕྱི་ལོ་ ༢༠༡༣ གི་ལོ་འདི་རྫོགས་པ་དང་སྐུ་གོང་མའི་དགོངས་རྫོགས་དུས་ཆེན་དང་ཕྱི་ལོ་ ༢༠༡༤ འགོ་འཛུགས་ཀྱི་ཡོད་པས་ལོ་འདི་ཕལ་ཆེར་སྐུ་ཕྲེང་ ༡༤ པའི་ལོ་ཆགས་ཀྱི་ཡོད། དེ་རིང་བརྟན་བཞུགས་ཐོག་འདུ་ཚོགས་ཆེན་པོ་ཞིག་འཛོམས་ཏེ་ཡོད་པ་ཡིན་སྟབས། ཐོག་མའི་སྐུལ་མ་སྨར་ཁམས་པ་གཞིས་བྱེས་གཉིས་སུ་ཡོད་པ་ཚོ་ཡིན་པ་དང་། ཡང་ས་གནས་ས་ཐོག་ཏུ་གདན་ས་གསུམ་གྱིས་མཚོན་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་རབ་བྱུང་ཕོ་མོ་རེད། དེ་བཞིན་ཕྱོགས་མཐའ་ཁག་ནས་སེར་སྐྱ་གང་ཙམ་ཞིག་ཡོད། ང་ཚོ་ཚང་མ་ཐུན་མོང་ཐོག་ནས་ངོས་ཀྱི་མི་ཚེ་རིང་དུ་འཚོ་རྒྱུར་ཁྱེད་ཚོས་སྐྱབས་འཇུག་གནང་རྒྱུ་དང་ཆབས་ཅིག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དགུང་ལོ་བགྲེས་འགྲོ་གི་ཡོད་པར་བརྟེན་སྐུ་ཚེ་ཡུན་དུ་བརྟན་རྒྱུར་ཚང་མས་སྨོན་ལམ་རྒྱག་དགོས། ལྷག་པར་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་དང་། བླ་མ་སྤྲུལ་སྐུའི་མིང་ཡོད་པ།
དེ་བཞིན་མཁན་པོ་ལས་ཟུར་དཔེ་ཁྲིད་སླད་དུ་གདན་བཞུགས་པ་དགེ་བཤེས་རྣམས་ཡུན་དུ་གནས་པ་དང་། དེ་དག་གིས་དངོས་གནས་བསྟན་པའི་བྱ་བ་མཛད་ཀྱི་ཡོད། དོན་དམ་པའི་བསྟན་པའི་བྱ་བ་མཛད་མཁན་རྣམས་སྐུ་ཚེ་ཡུན་དུ་གནས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱར་བཏང་མི་གཅིག་གི་ཚེ་སྲིང་ཟེར་རྒྱུ་དེ་གལ་ཆེན་པོ་དེ་ཙམ་མ་རེད། གང་ལྟར་ཚང་མ་སྐུ་ཚེ་བརྟན་རྒྱུར་ད་རེས་འདིར་དགེ་འདུན་འདུས་པ་རྒྱ་མཚོ་ཡོད་པ་ཡིན་སྟབས་ཐུགས་སྨོན་གནང་ན་ཡག་པོ་ཡོང་གི་རེད། དེ་ཙམ་མ་ཟད་དེ་རིང་ནི་འཛམ་གླིང་སྤྱིས་བརྩི་རྒྱུའི་ལོ་གསར་ཆགས་ཡོད། ལོ་འདིའི་ནང་འཛམ་གླིང་སྤྱིས་རྩི་བཞིན་པའི་མི་སྣ་གཞན་ཕན་དང་སྤྱི་སེམས་ཀྱི་བསམ་བློ་ཡོད་ལ་བྱ་བ་དངོས་སུ་སྒྲུབ་མཁན་ཚང་མ་ཚེ་རིང་བ་དང་ནད་མེད་བྱ་བ་ལམ་འགྲོ་ཡོང་བར་ཚང་མས་སྨོན་ལམ་བརྒྱབ་ན་ཡག་པོ་འདུག ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྨར་ཁམས་གཞིས་བྱེས་གཉིས་ཐུན་མོང་ཐོག་ནས་བརྟན་བཞུགས་གནང་གི་ཡོད།
སྐབས་འདིར་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་སེམས་ནང་དངངས་སྐྲག་དང་འཇིགས་སྣང་འོག་དཀའ་ལས་མང་པོ་རྒྱག་མཁན་གོང་དུ་མཇལ་ཁའི་ཁོངས་སུ་ཨ་ཕོ་གཅིག་འདུག་པ་བཙོན་ནང་ཉེས་རྡུང་མང་པོ་ཕོག་མྱོང་མཁན་ཁོང་ལྟ་བུ་བོད་ནང་མང་པོ་ཞིག་ཡོད་པ་དེ་དག་རྗེས་དྲན་ཐོག་ནས་སྨོན་ལམ་རྒྱག་དགོས། ད་ལྟ་བཙོན་ནང་ཡོད་པ་དང་ཡང་བཙོན་བཀྲོལ་ཐོབ་ཀྱང་ནད་གཅོང་ཆགས་ཡོད་པ་དེ་དག་གི་ཆེད་དུ་ཚེ་རིང་བ་དང་། ནད་དཀོན་པ། བྱ་བ་ལམ་དུ་བསྒྲུབ་རྒྱུར་ཚང་མས་སྨོན་ལམ་རྒྱག་དགོས། དེ་བཞིན་འུ་ཐུག་སྟེ་རང་ལུས་མེར་སྲེག་གཏོང་མཁན་མང་པོ་ཞིག་བྱུང་བ་རེད། ཁོང་ཚོའི་ཆེད་ངེས་པར་དུ་སྨོན་ལམ་རྒྱག་དགོས། གནས་ཚུལ་བྱུང་ཟིན་པ་རེད། དེས་བོད་བསྟན་སྲིད་ལ་ཕན་དང་མི་ཕན་ཞེས་པ་དེ་དྲི་བ་ཆེན་པོ་ཞིག་རེད།
ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད། གང་ལྟར་རྒྱ་དང་གྲོགས་པོ་བསྒྲིག་སྟེ་བོད་དོན་བསྒྲུབ་རྒྱུའི་བསམ་བློ་གཏོང་ བཞིན་ཡོད། དངོས་ཡོད་གནས་ཚུལ་དེའི་ཐོག་ནས་བསྒྲུབ་དགོས་པ་རེད། གང་ལྟར་སྙིང་སྟོབས་འདི་ཙམ་ཞིག་གི་ཐོག་ནས་སོ་སོའི་སྲོག་བློས་གཏོང་བྱས་ཡོད། སོ་སོའི་སྲོག་བློས་གཏོང་བྱེད་ཐུབ་མཁན་གྱི་མི་ཞིག་གིས་སོ་སོ་ཤི་བ་དང་ཆབས་ཅིག་རོགས་པ་འགའ་འཁྲིད་ཐུབ་རྒྱུ་ཏན་ཏན་ཡོང་གི་རེད། འོན་ཀྱང་འདི་མི་བྱས་པ་ནི་བོད་ཆོས་ལྡན་གྱི་ཞིང་འདི་འཚེ་བ་མེད་པའི་ལྟ་ སྤྱོད་ཀྱི་ཐོག་ནས་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་དང་ལག་ལེན་བསྟར་གྱི་ ཡོད་པ་གསལ་པོ་རེད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་མི་འབོར་མང་ཤོས་ ཡོད་པའི་རྒྱལ་ཁབ་ཆགས་ཡོད། དེ་རིང་ཁ་སང་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་མང་ཤོས་ཆགས་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ཡོད་པའི་ནང་ནས་དུང་ཕྱུར་བཞི་སྔོན་མ་ནས་ནང་ ཆོས་ལ་དོ་སྣང་ཡོད་པ་ཆགས་ཡོད། དེ་དག་ཀྱང་མིག་འོག་ཏུ་ཚུད་པ་བྱེད་དགོས། ཚང་མས་སྨོན་ལམ་གསུང་འདོན་ཡག་པོ་ཞིག་བྱེད་དགོས་པ་ཡིན། ཞེས་བཀའ་སློབ་ཕེབས་རྗེས་བརྟན་བཞུགས་བསྟར་འབུལ་འགོ་འཛུགས་གནང་།
རྟེན་གསུམ་འདེགས་འབུལ་གྲུབ་རྗེས་སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ གི་ཚོགས་གཙོ་སྐལ་བཟང་རྒྱས་ཁྲི་ལགས་ཀྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་སྔོན་ དུ་བཏང་བའི་ཐོག་ནས་གསོལ་འདེབས་ཞུས་པའི་ནང་འཁོད་དོན། དོན་གྱི་བརྟན་བཞུགས་ངོ་མ་ནི། མགོན་པོ་གང་གིས་གངས་ཅན་བོད་མི་ཡོངས་ལ་བརྩེ་བའི་བདག་ཉིད། མ་ཡིས་བུ་ལ་གདམས་པ་ལྟར་ཆོས་སྲིད་ཀྱི་ལམ་སྟོན་བཀའ་སློབ་ཟབ་མོ་ཕེབས་པ་རྣམས་ སྤང་བླང་ཚུལ་བཞིན་དུ་ཞུ་རྒྱུ་དེ་ཡིན་སྟབས། ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ ནས་བཟུང་། སྨར་ཁམས་ཡུལ་གྱི་ཆབ་འབངས་ཡོངས་༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་བཀའ་དགོངས་འོག་ ཤར་བསྐྱོད་བྱས་དང་བྱེད་མུས་ཡིན་པ་མ་ཟད།
ལྷག་པར་དུ། བཀའ་དྲིན་བླ་ན་མ་མཆིས་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དུས་ ནས་དུས་སུ་ཕེབས་པའི་བཀའ་དགོངས་འོག་ཤར་བསྐྱོད་བྱས་དང་བྱེད་མུས་ཡིན་ལ། ད་དུང་ཡང་མགོན་པོ་གང་ཉིད་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མིན་ཇི་ལྟར་ཡང་། མགོན་པོ་གང་གིས་ཟབ་ཅིང་གསལ་བའི་ཆོས་སྲིད་ཀྱི་བཀའ་སློབ་དགོངས་དོན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འོག ཡིད་གཉིས་ཐེ་ཚོམ་མེད་པར་མདུན་བསྐྱོད་བྱ་རྒྱུར་དམ་བཅའ་གཙང་མ་ཡོད་པ་མ་ཟད། ལྷག་པར་དུ་མགོན་པོ་ཉིད་ཀྱིས་དོལ་རྒྱལ་གྱི་སྐོར་ཕེབས་པའི་བཀའ་དགོངས་བཞིན། སྨར་ཁམས་ཡུལ་དགོན་ཁག་གི་བླ་སྤྲུལ་རྣམ་པས་གཙོས་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ རྣམས་ཀྱིས་དུས་ནས་དུས་སུ་མི་མང་ལ་བླང་དོར་ལམ་སྟོན་གནང་བ་དང་།
ཕྱི་ལོ་ ༢༠༠༠ ཙམ་ནས་གཞིས་སྡོད་སྨར་ཁམས་ཁུལ་གྱི་བོད་མི་རང་ངོས་ནས་ཀྱང་དོལ་རྒྱལ་བསྟེན་ གསོལ་བྱེད་མཁན་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་པ་སོགས་ལ་བརྟེན་ནས། ད་གཟོད་སྨར་ཁམས་ཁུལ་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་བརྒྱ་ཆ་རེ་གཉིས་ཙམ་ལས་ མེད་ཀྱང་། ད་དུང་རེ་གཉིས་ཡོད་པ་དེ་དག་གིས་ཀྱང་ལམ་ནོར་ཟློག་ཤེས་ཡོང་ཐབས་ལ་དད་དམ་གཙང་མ་ལྡན་པའི་སྨར་ཁམས་ཡུལ་དགོན་ཡོངས་ཀྱིས་ཐབས་ཤེས་ཡོད་རྒུ་བྱས་ཏེ་གཙང་བཟོ་བྱ་ རྒྱུའི་དམ་བཅའ་ཡང་འཇོག་རྒྱུ་ཡིན་པ་མ་ཟད། ཅི་སྟེ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་ཟློག་ཤེས་མེད་པར་མཁྲེགས་འཛིན་བྱེད་མཁན་ བྱུང་ཚེ། སྔར་རྒྱུན་བཞིན་ཆོས་དང་ཟང་ཟིང་གི་འབྲེལ་བ་སྤང་སྟེ། མི་རབས་རྒྱུད་བཅས་ཀྱིས་མུ་མཐུད་རྒྱུན་འཁྱོངས་ཞུ་རྒྱུ་དམ་བཅའ་ཡང་འབུལ་རྒྱུ་ལགས་ན། མགོན་པོ་གང་གི་སྐུའི་གསང་གསུམ་ལ་བགེགས་བར་ཕྲ་མོ་ཙམ་ཡང་མི་བཞེས་པར་ཁམས་གསུམ་ འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་འཚོ་གཞེས་བཞེས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་།
དེ་བཞིན་སྔ་ལོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་རྣམ་གཉིས་རྒྱལ་བའི་གཟིམ་ཆུང་མཇལ་བཅར་སྐབས། མགོན་པོ་གང་ཉིད་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ དོན་ཐག་གཅོད་མ་བྱུང་བར། སྐུ་ཚེ་རིང་དུ་འཚོ་བཞེས་ཀྱི་ཞལ་བཞེས་བཀའ་དྲིན་བསྐྱངས་པ་ལྟར། སླར་ཡང་དད་དམ་གཙང་བའི་གཞིས་བྱེས་གུས་འབངས་སྨར་ཁམས་པ་ཡོངས་ཀྱིས་ཀྱང་འཛམ་ གླིང་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་མགོན་༸སྐྱབས་སུ་མགོན་པོ་ཉིད་སྐུ་ ཚེ་བསྐལ་བརྒྱར་བཞུགས་པའི་བརྟན་བཞུགས་འདེགས་འབུལ་གྱི་གསོལ་བ་དང་སྦྲགས། གཞིས་ལུས་སྨར་ཁམས་ཆབ་འབངས་ཡོངས་ཀྱིས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གོ་སྐབས་ ངང་སྒུག་གི་རེ་སྨོན་ལྟར། མགོན་པོ་མཆོག་སྤྱིར་བོད་གངས་ཅན་ལྗོངས་ཀྱི་ཆབ་འབངས་ཡུལ་སྟེ་ཡོངས་དང་། ལྷག་ པར་དུ་སྨར་ཁམས་ཡུལ་དུ་ཡང་ཆིབས་ཞབས་བཀའ་དྲིན་གྱི་ཐུགས་སྨོན་སྐྱབས་འཇུག་ཀྱང་ ཅི་ནས་མི་ཆུང་བ་མཁྱཻན། མཁྱེན། ཅེས་གསོལ་འདེབས་ཞུས་ཡོད།
གཞན་ཡང་བཀའ་དྲིན་རྗེས་དྲན་ཞུ་སླད་དུ་གཟེངས་རྟགས་ཀུན་ཁྱབ་མཛད་ཆེན། ཞེས་པ་འབུལ་ལམ་ཞུ་ཆེད་སྙན་སྒྲོན་འདི་ལྟར་ཞུས་དོན། བོད་ཤར་ཕྱོགས་མདོ་ཁམས་སྨར་ཁམས་སྒང་གི་ཆར་གཏོགས་པའི་སྨར་ཁམས་ཀྱི་ཡུལ་སྡེ་དེ་ བཞིན། བོད་བཙན་པོའི་དུས་ནས་ཆབ་འབངས་རྣལ་མ་ཞིག་དང་། ཕྱི་ལོ་ ༡༦༤༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་པ་དང་། ༸གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་ བཟུང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་འབངས་འོག་ཏུ་ཚུད་ཅིང་། ༸གོང་ས་ལྔ་པ་ཆེན་པོས་སྨར་ཁམས་ཡུལ་འབངས་ལ་མདུན་ཅོག་མི་སར་ཞེས་པའི་མཚན་མཐོང་གི་གཟིགས་གསོལ་གསོལ་རས་སྩལ་ཅིང་།
༸གོང་ས་ལྔ་པ་ཆེན་པོ་ནས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་དྲིན་གྱིས་བསྐྱངས་པའི་གདུལ་བྱ་ཞིག་དང་། ལྷག་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་དང་མི་ རིགས་ཀྱི་གནས་བབ་ཤ་ཟད་རུས་ལ་ཐུག་པའི་དུས་ལ་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ བཞེས་ཤིང་། བོད་འབངས་བསྐྱངས་པའི་བཀའ་དྲིན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་རིན་ཆེན་གྱིས་ བཀང་སྟེ་གཞལ་ཡང་འཇལ་ག་ལ་ནུས་ཀྱང་། དེ་རིང་གོ་སྐབས་འདི་བཟུང་ནས་བོད་གཞིས་བྱེས་གཉིས་སུ་གནས་པའི་དད་ལྡན་སྨར་ཁམས་ པ་ཡོངས་ཀྱིས་དམ་ཚིག་གཡོ་བ་མེད་པའི་ཐོག་ནས། དགའ་དད་གུས་གསུམ་གྱིས་མངོན་པར་བསྟོད་ཅིང་བཀའ་དྲིན་ཕུང་པོ་ཆུ་ཐིགས་ཙམ་ཞིག་ གཞལ་ཐབས་སུ་མགོན་པོ་ཉིད་དང་། ༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ལ་གདུང་ སེམས་ཆེན་པོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། བཀའ་དྲིན་རྗེས་དྲན་མཚོན་སླད་དུ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཀུན་ཁྱབ་ མཛད་ཆེན་འདི་འབུལ་ལམ་ཞུ་རྒྱུ་ལགས་ན། མགོན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞེས་ཅི་ནས་ཀྱང་ཡོང་བ་མཁྱཻན། མཁྱེན། གུས་འབངས་སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡོངས་ནས། བོད་རྒྱལ་ལོ་ ༢༡༤༠ བོད་ཟླ་ ༡༠ ཚེས་ ༣༠ ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ བཟང་པོར་གུས་པ་ཆེན་པོས། ཕུལ།།
གཞན་ཡང་ཁོང་ཚོས་སྨོན་ལམ་དང་དམ་བཅའ། བཀའ་དྲིན་རྗེས་དྲན་བཅས་མཚོན་སླད་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་ཞལ་གྱིས་བཞེས་པ་ལྟར་དགུང་གྲངས་ ༡༡༣ བར་དུ་སྐུའི་གསང་བ་གསུམ་ལ་ཉེར་འཚེའི་རྡུལ་གྱིས་མ་འགོས་པར་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས་པའི་སླད་བཀའ་དྲིན་གཏང་རག་མཚོན་བྱེད་དུ་སྨར་ཁམས་ གཞིས་བྱེས་ཡོངས་ནས་དད་དམ་གཡོ་བ་མེད་པའི་ངང་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྟེན་དུ་སྐུ་གསུང་ཐུགས་རྟེན་དང་སྔོན་འགྲོའི་ཞབས་རིམ་གསོག་སྒྲུབ། སྲོག་བླུ། ཚེ་ཐར། སྲོག་གཅོད་སྤོང་བ། ཆང་རག་དང་སྣ་ཐ་སོགས་སྤང་བླང་ཞུས་ཏེ་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པ་དང་སྐུའི་གསང་བ་གསུམ་ལ་ཉེར་འཚེས་མ་འགོས་པར་བོད་འབངས་ཡོངས་ཀྱི་མགོན་དཔུང་དུ་འཚོ་ཞིང་གཞེས་པའི་ཆེད་དུ་སྨར་ཁམས་གཞིས་བྱེས་གཉིས་ཀྱི་མི་མང་ཡོངས་ནས་བརྟན་བཞུགས་འདེགས་འབུལ་དང་།
བོད་གཞུང་དགའ་ལྡན་ཕོ་བྲང་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཐུགས་རྗེའི་གཟིགས་པས་སྨར་ཁམས་མི་མང་ལ་སྔ་ཕྱི་བར་གསུམ་དུ་ཕུན་ཚོགས་སྡེ་བཞིའི་དཔལ་ལ་རོལ་ བའི་སྐལ་བཟང་བགོ་སྐལ་གྱིས་བསྐྱངས་པའི་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས་དམ་ བཅའ་འདི་ལྟར་ཞུས་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་སྐོར་མས་བུ་ལ་ཇི་ལྟར་བརྩེ་བ་བཞིན་ཟབ་གསལ་གྱི་བཀའ་སློབ་སྔ་ཕྱི་རིམ་པར་ཕེབས་ཀྱང་རང་ཁོངས་གང་ཟག་རེ་གཉིས་ཀྱིས་ཀླད་རྙིང་མཁྲེགས་བཟུང་ངང་བཀའ་དགོངས་དང་འགལ་ནས་དོལ་རྒྱལ་ བསྟེན་གསོལ་བྱེད་མཁན་གྱི་བྱེད་གཏེ་དང་རྗེས་འཇུག་པ་རྣམས་ལ་ལམ་ནོར་ཟློག་ཤེས་ཡོང་ཆེད་གོ་བསྐོན་གསེད་བཀྲོལ་གྱིས་ལམ་སྟོན་དང་ངོ་རྒོལ་མཐའ་ཅིག་ཏུ་བྱེད་རྒྱུ་ཡིན། ཞེས་དམ་འབུལ་དང་སྦྲགས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་མདོར་བསྡུས་ཤིག་ཕེབས་དོན། ཁྱེད་ཚོ་སྨར་ཁམས་གཞིས་བྱེས་ཐུན་མོང་ཐོག་ནས་བརྟན་བཞུགས་དང་གཟེངས་རྟགས་ ཞིག་ཀྱང་འབད་བརྩོན་ཆེན་པོ་བྱས་ཏེ་བྱུང་བར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཁྱེད་ཚོས་སྔ་མོའི་ལོ་རྒྱུས་ནས་མར་བགྲང་ནས་ཁྱེད་རང་ཚོ་དགའ་ལྡན་ཕོ་བྲང་གི་ཆབ་འབངས་སྨོས་མེད་ཞིག་ཡིན་པ་དང་། ༸རྒྱལ་བ་གོང་མ་ཚོས་གཟིགས་པ་ཆེན་པོ་ཡོད་སྐོར་ལོ་རྒྱུས་མར་བཤད་པ་དེར། བོད་སྤྱི་པའི་དོན་དུ་ལམ་སྟོན་ག་རེ་ཡོད་པ་དེ་དག་རྒྱབ་མདུན་ངོ་ལྐོག་མེད་པར་འགྲོ་གི་ཡིན། ཞེས་བརྗོད་པར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཁྱེད་ཚོས་ལོ་རྒྱུས་བརྗོད་སྐབས་ངོས་རང་ཆུང་ཆུང་སྐབས་ལ་གཟིམ་འགག་ཁྲི་པ་དེ་ དགའ་ལྡན་བྱང་རྩེ་ནས་ཡིན་པ་བྱང་ཆུབ་ལགས་ཟེར་བ་སྐད་ཆ་ཧ་ཅང་སྙན་པོ་ཡོད། རྒྱ་དཀར་པོ་ཞིག་ཡོད་པར་དང་དོད་བྱས་ཏེ་ཁོང་ལ་རྒྱ་གར་ནས་ཐོན་པའི་སྐྲ་སེལ་རྒྱུ་ཞིག་ཡོད་པ་དེས་རྒྱ་དེ་བཟོས་གནང་གི་རེད།
ངོས་ནས་ཁོང་གི་པང་དུ་ཉལ་ནས་སྒྲུང་ཉན་ཏེ་སྡོད་མྱོང་ཡོད། ཕལ་ཆེར་ལོ་བདུན་བརྒྱད་སྐབས་ཡིན་པ་རེད། དེ་ནས་ཕྱིས་སུ་སྤོ་མདའ་སྟོབས་རྒྱལ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་གཞོན་ པའི་གྲས་ཤིག་རེད། ཁོ་རང་དངོས་གནས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པ་རེད་འདུག སྐུ་མདུན་སྐུ་གོང་མར་སྨར་ཁམས་ཁུལ་ནས་སྤོ་མདའ་སྟོབས་རྒྱལ་གྱི་འགོ་འཁྲིད་དེ་སྐུ་མདུན་སྐུ་གོང་མ་གཤེགས་རྗེས་ཕྲན་བུ་ཟིང་ཙམ་ཞིག་བྱུང་བ་རེད། དེ་ཚོའི་གྲས་དེ་སྐུ་གོང་མ་དགོངས་པ་རྫོགས་རྗེས་སྤྱན་གསལ་ཀུན་འཕེལ་ལགས་སོགས་སུ་དཀའ་ངལ་འཕྲད་པ་རེད། དེ་ཚོའི་གྲས་ཀྱིས་སྐུ་གོང་མར་ཞེན་ཁོག་བྱས་པར་བརྟེན་གནས་ཚུལ་ཐོན་པའི་སྐོར་མང་པོ་བཤད་མྱོང་ཡོད། ལྷག་བསམ་རྣམ་དག་ཧ་ཅང་ཡག་པོ་ཡིན། དེར་བརྟེན་ཁྱེད་ཚོ་སྨར་ཁམས་པས་བརྟན་བཞུགས་བྱེད་སྐབས་ངོས་ལ་དེ་དག་བསམ་བློ་འཁོར་ བྱུང་། ཧ་ཅང་ཡག་པོ་ཡིན། ཞེས་བཀའ་སློབ་ཟབ་མོ་ཕེབས་ཏེ་བརྟན་བཞུགས་མཛད་སྒོ་ལེགས་གྲུབ་རྗེས་༸གོང་ས་ མཆོག་གིས་བཀའ་ཆོས་དབུ་འཛུགས་མཛད།