༢༠༡༤ ཟླ་ ༡ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་མིའི་མཉམ་འབྲེལ་ཚོགས་ཁང་ནང་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བདེ་སླར་དང་ལུགས་བསམ་ས་གནས་གཉིས་ཀྱི་གཞིས་འགོ་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ས་ད་ཤི་ཝ་ལགས་ཀྱིས་གཙོས་ཚོགས་མི་རྣམ་པ། དེ་བཞིན་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་བཅས་ཚང་འཛོམས་ཐོག་ས་གནས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པ་”Indo Tibetan friendship Society Bylakuppe Chapter” དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུས་ཡོད། སྐབས་དེར་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་གཙོ་བོར་གྱུར་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་གལ་ཆེ་ཡིན་སྐོར་གསུང་བཤད་གནང་། དེ་ཡང་ཁོང་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འབར་མ་དང་ཐེ་ལེན་ཌི། ཀེམ་བྷོ་ཌི་ཡ། རྒྱ་ནག རྒྱ་གར། པ་ཀི་སི་ཐན། བྷང་ལ་དེ་ཤི། ལའོ་སི་སོགས་ཀྱི་ནང་རྒྱུག་བཞིན་པའི་ཆུ་ཆེན་ཁག་བཅུ་གཅིག་གི་ཆུ་མགོ་བོད་ལ་ཐུག་པར་བརྟེན།བོད་ཀྱི་ཁོར་ཡུག་ནི་བོད་མི་ས་ཡ་དྲུག་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཡུལ་མི་གྲངས་དུང་ཕྱུར་བརྒལ་བའི་འཚོ་བརྟེན་དང་ཐད་ཀར་འབྲེལ་བ་ཡོད་སྐོར་གསུངས།
དེ་བཞིན་སྐུ་ཚབ་དོན་གཅོད་མཆོག་གིས་གསུང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བོད་མི་བཙན་བྱོལ་བ་རྣམས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་པ་ནས་ད་བར་མི་ལོ་ ༥༤ ལྷག་གི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་ཧ་ཅང་གནང་བར་བརྟེན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱ་རྒྱུར་ཧ་ཅང་ཕན་ཐོགས་བྱུང་བར་བརྟེན་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་ཀར་ཎ་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལའང་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་མཆོག་གིས་བོད་ནི་ཆོས་དང་རིག་གཞུང་། སྐད་ཡིག་གང་གི་ཆ་ནས་འཕགས་ཡུལ་དང་འབྲེལ་བ་ཧ་ཅང་ཡོད་པར་བརྟེན། འཕགས་བོད་གཉིས་ལོ་རྒྱུས་ཐོག་ནས་ཐུན་མིན་གྱི་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། སྤྱིར་སྦེལ་ཀོབ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༩༢ ལོར་ཐོག་མར་གསར་འཛུགས་གནང་ཡོད།།