༢༠༡༤ ཟླ་ ༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ སྔ་དྲོ་ཨ་རིའི་ཆུ་ཚོད་ ༩།༢༥ ཐོག་ཨ་རིའི་གྲོང་ཁྱེར་སན་ཕཱི་རན་སི་སུ་ཀོར་་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་ལ་ཆེད་དུ་མེ་བརྒྱབ་སྟེ། གཞུང་ཚབ་ཁང་གི་མདུན་སྒོ་དང་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ལ། དེ་ལྟ་བུའི་འཚེ་བའི་ངན་སྤྱོད་ལ་སྐྱོན་བརྗོད་དང་འགོག་ཐབས་བྱ་རྒྱུ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱི་འགན་འཁྲི་ཡིན་པ་ནི་བརྗོད་ག་ལ་དགོས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དོན་རྐྱེན་དེ་རིགས་སྤེལ་བར་སྐྱོན་བརྗོད་ཤུགས་ཆེ་སྤེལ་བཞིན་པ་དང། དམིགས་བསལ་རྒྱ་ནག་གཞུང་ནས་མེ་རྒྱག་མཁན་གང་མགྱོགས་འཛིན་བཟུང་གིས་ཉེས་ཆད་ལྗིད་པོ་གཏོང་དགོས་ཚུལ་དང། སོ་སོའི་གཞུང་ཚབ་ཁང་ལ་ཆེད་དུ་མེ་བརྒྱབ་པར་རྒྱ་ནག་རྒྱལ་ཕྱི་ནང་གི་མི་སེར་རྣམས་ཁོང་ཁྲོ་མེ་ལྟར་འབར་བཞིན་པའི་དུས་སྐབས་གནད་འགག་གི་སྐབས་དེར། ཨ་རིའི་རྒྱང་བསྒྲགས་ལས་ཁུངས་(ABC)གསར་ཁང་ནས་མེ་བརྒྱབ་པའི་ས་ཆ་དེར་བོད་དོན་དང་འབྲེལ་བའི་ཡིག་ཆ་ཡོད་སྐོར་བསྒྲགས་པ་དང།
དེས་རྐྱེན་གྱིས་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ཡན་ལག་ཚགས་ཤོག་གོ་ལའི་དུས་བབ་(Global Times)ནས་གནད་དོན་དེར་ཁ་གཡར་ཏེ་བོད་རང་བཙན་ཤོག་ཁག་གིས་རྒྱུན་དུ་ནས་རྒྱ་ནག་གི་གཞུང་ཚབ་སོགས་ལ་གཏོར་སྐྱོན་བཏང་བའི་ལས་འགུལ་སྣ་མང་སྤེལ་ལུགས་དཔྱད་གླེང་གང་མང་སྤེལ་བ་མ་ཟད། རྒྱ་ནག་ཤིན་ཧྭ་གསར་ཁང་སོགས་བརྒྱུད་ལམ་ཁག་ནས་གོང་གི་གནས་ཚུལ་ལུང་འདྲེན་དང་བཅས་ཁྱབ་བསྒྲགས་ཆེན་པོ་བཟོས་པ་དང། རྒྱ་ནག་གི་སྲིད་དོན་དཔྱད་གླེང་པ་ཚོས་ཀྱང་རྒྱ་ནག་ལ་རྣམ་ཀུན་ནས་རྒོལ་རྡུང་གཏོང་མཁན་ཤིན་ཅང་རང་བཙན་ཚོགས་པ་དང། ཕཱ་ལོན་ཀོང། བོད་རང་བཙན་ཤོག་ཁག་སོགས་ཡིན་ལུགས་གླེང་སློང་ཤུགས་ཆེ་སྤེལ་ཡོད་པས། རྒྱ་ཆེ་བའི་རྒྱ་ནག་མི་མང་དང་འཛམ་གླིང་མི་མང་མདུན་ལ་བོད་མིས་འཚེ་བའི་ལས་འགུལ་སྤེལ་བཞིན་པའི་བབ་ཆགས་ངན་པ་ཞིག་བཞག་བཅུག་ཡོད་ལ། བོད་རྒྱ་མི་རིགས་གཉིས་དབར་འཁོན་འཛིན་ཆེ་རུ་འགྲོ་བའི་རྒྱུར་གྱུར་ཡོད། སྟབས་ལེགས་པ་ཞིག་ལ་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༦ ཉིན་ཨ་རིའི་ཉེན་རྟོག་པས་འབྲེལ་ཡོད་དོགས་ཅན་མི་སྣ་འཛིན་བཟུང་ཐུབ་པ་དང། དོགས་ཅན་མི་སྣ་དེའང་རྒྱ་རིགས་ཤིག་ཡིན་པ་གསལ་བསྒྲགས་བྱས་པ་དེས་གནས་ཚུལ་གསལ་པོ་ཆགས་ཡོད་ཀྱང། གོང་གསལ་གསར་ཁང་གཉིས་ཀྱིས་དངོས་དོན་མིན་པའི་གནས་ཚུལ་སྤེལ་བ་དེས་བོད་མིའི་དྲང་བདེན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་ལ་གསབ་ཐབས་མེད་པའི་གྱོང་གུན་བཟོས་ཡོད་སྟབས། གལ་སྲིད་གོང་གསལ་ཨ་རིའི་རྒྱང་བསྒྲགས་ལས་ཁུངས་(ABC)གསར་ཁང་དང། རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ཡན་ལག་ཚགས་ཤོག་གོ་ལའི་དུས་བབ་(Global Times)གཉིས་ནས་གོང་གསལ་གནད་དོན་དང་འབྲེལ་བའི་ཐོག་བོད་མིར་ཁུངས་བསྐྱེལ་དཔང་རྟགས་དང་བཅས་འགྲེལ་བཤད་འདང་ངེས་ཤིག་མེད་ན། ང་ཚོས་ཁྲིམས་ཐོག་ནས་ལག་བསྟར་ཇི་དགོས་བསམ་བློ་གཏོང་རྒྱུ་ཡིན་པ་ནན་གྱི་བརྗོད་རྒྱུ་དང།
དེ་རིང་གི་དོན་རྐྱེན་དེ་དང་འབྲེལ་ང་ཚོས་སླར་ཡང་གསལ་བརྗོད་བྱ་རྒྱུ་ཞིག་ལ། བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་བོད་གཞིས་བྱེས་གཉིས་ནས་ཐོག་མཐའ་བར་གསུམ་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེའི་དགོངས་གཞི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་མཐའ་གཅིག་ཏུ་གོམ་པ་སྤོ་བཞིན་ཡོད་ཀྱང། རྒྱ་ནག་གཞུང་གི་དཔོན་ངན་རེ་ཟུང་ནས་བོད་མིའི་འཐབ་རྩོད་དེ་འཚེ་བའི་ངོ་བོར་བསྒྱུར་ཐབས་ཀྱི་བྱུས་ངན་སྣ་རིགས་སྤེལ་བཞིན་པ་དཔེར་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གྲོང་ཁྱེར་ཁྲོམ་ཆིན་དུ་སྐོར་སྲུང་དམག་ཅིག་ལྐོག་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་དེ་བོད་མི་འཇིགས་བསྐུལ་པས་བྱས་ལུགས་བཙན་གྱིས་བསྒྲགས་པ་དང། ཕྱི་ལོ་ ༢༠༠༨ ལོར་གོང་གསལ་ཨ་རིའི་གཞུང་ཚབ་ཡན་ལག་ལ་མེ་སྐྱོན་ཕོག་སྐབས་ཡང་བོད་མི་དང་འབྲེལ་བ་ཡོད་ལུགས་བསྒྲགས་པ། ལྷག་པར་དུ་བོད་ནང་དུ་རང་ལུས་མེར་སྲེག་གཙོས་གཞིས་ལུས་བོད་མི་རྣམས་ཀྱིས་ཞི་བའི་ལས་འགུལ་ཇི་སྤེལ་ཡོངས་རྫོགས་འཚེ་བ་དྲག་པོའི་ལས་འགུལ་དུ་བཙན་གྱིས་ བསྒྱུར་ཐབས་བྱེད་བཞིན་པའི་རྒྱ་གཞུང་གི་བྱུས་ངན་ལ་རྒྱལ་སྤྱིའི་གཞུང་དང་མང་ཚོགས་མགོ་རྨོངས་སུ་མ་འགྱུར་བའི་རེ་བ་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༤ ལ།