༢༠༡༤ ཟླ་ ༡ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་རྡ་ས་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྡ་སར་རྟེན་གཞི་བྱེས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་དང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་སྐོར་གྱི་དམིགས་བསལ་དཔེ་དེབ་གཅིག་བཅས་འདོན་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གསར་འགོད་ལྷན་ཚོགས་ཐོག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས། ཨ་རི་ནས་ཡིན་པའི་ཁྲིམས་ལུགས་ཆེད་མཁས་པ་ཇོན་གྷོ་ཊི་ཌེ་ (John Gaudette) ལགས་བཅས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་སྐབས་ཐོག་མར་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གསུང་དོན། སྔ་ལོའི་ཕྱི་ཟླ་ ༡༡ པ་ནས་ང་ཚོས་ཉམས་ཞིབ་བྱས་ཏེ་སྙན་ཐོ་འདི་འབྲི་མགོ་བརྩམས་ཡོད་ཀྱང་། ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ལ་མཚོ་སྔོན་ཞིང་ཆེན་ནང་གི་བོད་མི་འགར་བཅར་འདྲི་བྱས་པ་བརྒྱུད། ༢༠༡༢ ལོར་ང་ཚོས་ཧ་མ་གོ་བའི་གནས་ཚུལ་ཁག་གཅིག་དང་། ཕྱི་ལོ་ ༢༠༡༣ ལོར་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་སྟངས་གང་འདྲ་ཡོད་མེད་ཀྱི་གནས་ཚུལ་གསར་པ་མང་པོ་ཞིག་འབྱོར་ཡོད་སྟབས་བསྐྱར་དུ་ཞིབ་འཇུག་བྱས་ཏེ་ཁ་སྣོན་བྱས་པ་ཡིན། དེ་དག་མཚོ་སྔོན་ས་ཁུལ་ནས་ཡིན་པའི་མིང་བརྗོད་འདོད་མེད་པའི་ངོ་ཤེས་ཤིག་བརྒྱུད་དེ་ཐོབ་བྱུང་། ཁོ་མོ་ད་ལྟ་ཁེ་ན་ཌའི་གཙུག་ལག་སློབ་གྲྭ་ཞིག་གི་དགེ་རྒན་ཆེན་མོ་རེད། ཁོ་མོ་བོད་ནང་དང་རྒྱ་ནག་ནང་ཐེངས་མང་པོར་བསྐྱོད་དེ་དངོས་ཡོད་གནས་ཚུལ་མིག་མཐོང་ལག་ཟིན་གང་བྱུང་བ་རྣམས་ལ་ཉམས་ཞིབ་དང་བཅར་འདྲི་བྱས་ཏེ་ཕེབས་པ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གྲངས་ ༡༡༩ ཙམ་ང་ཚོའི་སྙན་ཐོའི་ནང་བཀོད་ཡོད། སྙན་ཐོ་དེའི་ནང་ཁེ་ན་ཌའི་གྷི་ལོ་ཧྥི་ ( university of Guelph) གཙུག་ལག་སློབ་གྲྭའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སློབ་གཉེར་བྱེད་མཁན་སློབ་ཕྲུག་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་ཞིབ་བྱས་པའི་རྩོམ་ཡིག་གཉིས་བཀོད་ཡོད། གཞན་ཁོང་ཚོས་ཉམས་ཞིབ་བྱས་པའི་རྩོམ་ཡིག་ཁག་གཅིག་ཡོད་ཀྱང་རིམ་པས་བོད་ཡིག་དང་རྒྱ་ཡིག་སོགས་སུ་བསྒྱུར་ཏེ་ལྟེ་གནས་ཁང་གི་དྲ་ཚིགས་སྟེང་འགོད་རྒྱུ་ཡིན། ཞེས་སོགས་གསུངས།
དེ་རྗེས་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་བོད་ནང་གི་རང་ལུས་མེར་སྲེག་སྐོར་ལ། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ནང་རང་ལུས་མེར་སྲེག་གནས་ཚུལ་བྱུང་སྟེ། གྲངས་ཚད་མཐོ་པོར་སླེབ་དུས་སྲིད་སྐྱོང་མཆོག་གིས་གཙོས་བླ་ཆེན་རྣམ་པས་རང་སྲེག་མ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ལོའི་ནང་བོད་མི་ ༢༧ ཙམ་གྱིས་རང་ལུས་མེར་སྲེག་གནང་ཡོད། ན་ནིང་དང་ད་ལོའི་རང་ལུས་མེར་སྲེག་གཉིས་བར་ཞིབ་བསྡུར་བྱེད་སྐབས་ཁྱད་པར་ཁ་ཤས་མཐོང་སོང་། ན་ནིང་ལྟ་བུ་ཡིན་ན། བོད་ཀྱི་བླ་ཆེན་བཟོད་པ་རིན་པོ་ཆེ་དང་ཤེས་ཡོན་ཅན་རྩོམ་པ་པོ་སོགས་ཀྱིས་མེར་སྲེག་གནང་ཡོད་ཀྱང་། ད་ལོར་ཤེས་ཡོན་ཚད་མཐོ་བོ་ཡོད་མཁན་དེ་འདྲ་མེད་ཀྱང་སྤྱི་ཚོགས་ཀྱི་རིམ་པ་འདྲ་མིན་ནས་འདུག རྒྱ་ནག་གི་གནས་བབ་དང་སློབ་གྲྭའི་འོག་ནས་འཚར་ལོངས་བྱེད་མཁན་ལོ་གཞོན་ན་ཆུང་གཉིས་ཀྱིས་རང་ལུས་མེར་སྲེག་གནང་ཡོད་སྟབས། རྒྱ་ནག་གིས་བོད་ནང་དེང་རབས་འཛུགས་སྐྲུན་བྱས་ཚུལ་དང་རང་དབང་ཡོད་ཚུལ་ཕྱི་བསྒྲགས་བྱེད་ཀྱི་ཡོད་པ་དེ་དག་བདེན་པ་མིན་པའི་ར་སྤྲོད་གསལ་བོ་བྱས་ཡོད་པ་རེད། ཅེས་བརྗོད་སོང་།
ཕྱོགས་མཚུངས་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་སྐོར་བརྗོད་དོན། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ལག་བསྟར་བྱས་ཏེ་ལོ་ ༥༠ ལྷག་འགྲོ་བཞིན་ཡོད་ཅིང་། ལམ་ལུགས་དེས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པར་རྒྱལ་སྤྱིའི་ཐོག་ནས་ངོ་འཛིན་གཅིག་གྱུར་བྱུང་ཡོད་ཀྱང་། ངལ་རྩོལ་བསྒྱུར་བཀོད་ཟེར་བ་དེའི་འོག་ཏུ་རྒྱ་རིགས་མི་མང་གིས་སྡུག་བསྔལ་མྱོང་གི་ཡོད་པ་ལས། བོད་དང་གྲངས་ཉུང་མི་རིགས་གཞན་དག་གིས་མནར་གཅོད་མྱངས་དང་མྱོང་གི་ཡོད་པའི་གནས་ཚུལ་གཅིག་ཀྱང་མཐོང་རྒྱུ་མི་འདུག ད་དུང་མི་ཁ་ཤས་གོ་ནོར་ཐེབས་ཏེ་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ཟེར་བ་རྒྱ་ནག་ནང་མ་གཏོགས་བོད་དང་ཤིང་ཅང་གཉིས་ནང་མེད་པའི་སྐད་ཆའང་ཤོད་ཀྱི་འདུག དེ་ལྟར་རྩ་བ་ཉིད་ནས་མ་རེད། ང་ཚོས་ངལ་རྩོལ་བསྒྱུར་བཀོད་སྐོར་ཀྱི་སྙན་ཐོ་འདོན་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དེའི་སྐོར་ལ་གསལ་བཤད་བྱེད་ཆེད་ཡིན། བོད་མི་ཚོས་ངལ་རྩོལ་བསྒྱུར་བཀོད་འོག་དཀའ་སྡུག་མྱངས་པའི་ལོ་རྒྱུས་དང་། ངལ་རྩོལ་བསྒྱུར་བཀོད་འོག་ཐར་རྗེས་ལུས་སེམས་གཉིས་ཀྱི་ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ཞིབ་མོར་བཀོད་ཡོད། ཅེས་བརྗོད་སོང་།
གཞན་ཡང་སྐབས་དེར་ཁྲིམས་ལུགས་ཆེད་མཁས་པ་ཇོན་གྷོ་ཊི་ཌེ་ལགས་ཀྱིས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་སྐོར་ལ། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༨ ཉིན་ངལ་རྩོལ་བསྒྱུར་བཀོད་ཟེར་བ་དེ་ནི་ཁྲིམས་འགལ་ཐོག་མི་ལ་ཉེས་ཆད་དང་མནར་གཅོད་གཏོང་གི་ཡོད་པར་ངོས་འཛིན་ཐོག་ལམ་ལུགས་དེ་རྩ་མེད་བཟོ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་ཀྱང་། མིང་བསྒྱུར་ཙམ་བྱས་ཏེ་མུ་མཐུད་ཁྲིམས་འགལ་ཐོག་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ལག་བསྟར་བྱེད་སྲིད་པར་མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རིག་གནས་གསར་བརྗེའི་སྔོན་ཙམ་ལ་ངལ་རྩོལ་བསྒྱུར་བཀོད་རྩ་མེད་བཟོ་བར་འབད་བརྩོན་བྱས་ཡོད་ཀྱང་། རིག་གསར་མཇུག་སྒྲིལ་རྗེས་ཡང་བསྐྱར་རྒྱ་ནག་གི་ཉེན་རྟོག་པར་དབང་ཆ་ཆེ་ཤོས་སྤྲད་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་དོན་རྐྱེན་བྱུང་རྗེས། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་དང་གནོན་ཤུགས་མང་པོ་སྤྲད་པ་དེར་རྒྱ་ནག་གིས་ཀྱང་ཁས་ལེན་བྱས་ཡོད་ནའང་རྗེས་སུ་འགྱུར་བ་གང་ཡང་བཏང་མེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་གསལ་བསྒྲགས་ལེགས་པར་གྲུབ་ཡོད་པ་བཅས།།