༢༠༡༤ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་འོག་བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་དགེ་སོགས་ཁྱོན་མི་གྲངས་ ༤༢ ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མཇུག་སྒྲིལ་གནང་སོང།
དེ་ཡང་གོང་ཚེས་ཉིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་པ་གཞན་ཚེ་རིང་དོན་གྲུབ་མཆོག ཁྲིམས་ཞིབ་པ་གཞན་ངག་དབང་ཆོས་གྲགས་མཆོག དེ་བཞིན་ལ་དྭགས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས། སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། སྦྱོང་བརྡར་བ་སློབ་དགེ་རྣམ་པ་སོགས་ལྷན་འཛོམས་ཀྱིས་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པའི་མཇུག་བསྡོམས་མཛད་རིམ་སྒྲོགས་སྦྱང་གནང་གྲུབ་མཚམས་སྦྱོང་བརྡར་བ་རྣམས་ཀྱི་སྐུ་ཚབ་མཁན་པོ་དངོས་གྲུབ་བསྟན་པ་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་སྦྱོང་བརྡར་ ཐེངས་ ༧ པ་དང་འབྲེལ་བའི་མྱོང་ཚོར་སྐོར་གསུང་བཤད་གནང། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྦྱོང་བརྡར་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ལག་ཁྱེར་གནང་གྲུབ་མཚམས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ཕྱག་ཁྱེར་དང་། ཁྲིམས་ཞིབ་པ་གཞན་ཚེ་རིང་དོན་གྲུབ་མཆོག་གིས་སྦྱོང་བརྡར་མཇུག་བསྡོམས་ཀྱི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན།
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་ཁྲིམས་ཞིབ་ཁང་གི་དྲུང་ཆེ། ས་གནས་ཁྲིམས་དཔོན། རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༧ པའི་ཐོག་མགྲོན་འབོད་གནང་བར་ཧ་ཅང་དགའ་པོ་བྱུང། དེ་རིང་གི་སྦྱོང་བརྡར་ནང་སློབ་ཁག་ ༢༧ ནས་དགེ་རྒན་ཁག་གཅིག་ཆེད་ཕེབས་གནང་ཡོད། སྤྱིར་བཏང་ང་ཚོའི་མང་གཙོའི་འཕེལ་རིམ་ནང་ཐོག་མའི་ལོ་སུམ་ཅུ་ནམ་རྒྱུན་ངས་འགྲེལ་བཤད་རྒྱག་སྐབས་ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༩༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་ཐུགས་རེ་མཛད་པ་ལྟར་ང་ཚོས་གོམ་པ་བརྒྱབ་ཐུབ་མེད་པ་ཧ་ཅང་གསལ་པོ་རེད། དེའི་སྐབས་ང་ཚོའི་མང་གཙོའི་ཀ་བ་གཉིས་ཡོད་ཀྱང་དེང་དུས་ཀྱི་མང་གཙོའི་ལམ་ལུགས་དང་མཐུན་པའི་ཚད་ལྡན་ཞིག་ཆགས་ཡོད་མེད་ཐོག་དཔྱད་པ་བྱས་ན། གནས་སྟངས་མང་དག་ཅིག་ཆགས་ཡོད། ཕྱི་ལོ་ ༡༩༩༡ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཡང་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཆགས་ཡོད། ཕྱི་ལོ་ ༡༩༩༦ ལོར་ཁྲིམས་ལུགས་དབང་འཛིན་གྱི་སྡེ་ཚན་མང་གཙོའི་ཀ་བའི་ཡ་གྱལ་འཛུགས་ཐུབ་པ་བྱུང་བ་ནི་ང་ཚོའི་མང་གཙོའི་འཕེལ་རིམ་ནང་གལ་གནད་ཆེན་པོ་ཆགས་ཏེ་མང་གཙོའི་ཀ་བ་གསུམ་ཆགས་ཡོད། འོན་ཀྱང་ཁྲིམས་ལུགས་དབང་འཛིན་འདི་མིང་དོན་མཚུངས་པ་ལྟར་ཆ་ཚང་བ་ཞིག་ད་ལྟ་ཡིན་རུང་ཡོང་ཐུབ་མིན་ཐོག་ཏན་ཏན་དྲི་བ་མང་པོ་ཞིག་ཡོད་ངེས་རེད་བསམ་བཞིན་ཡོད། ཁྲིམས་ལུགས་དབང་འཛིན་འཛུགས་དགོས་པའི་དམིགས་ཡུལ་ནི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་སྡེ་ཚན་གཅིག་གི་ཆ་ལག་ཚང་དགོས་པ་མ་ཟད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱི་ཚོགས་ནང་གཉའ་གནོན་བཤུ་གཞོག་ཡོང་གི་ཡོད་ན། ཉམ་ཐག་ཚོའི་སྐུ་ཚབ་ཁྲིམས་རྩོད་པས་བྱས་ཏེ་དྲང་བདེན་བྱེད་ཐུབ་རྒྱུའི་གནས་སྟངས་ལ་གཟིགས་ཏེ་ཁྲིམས་ལུགས་དབང་འཛིན་གྱི་སྡེ་ཚན་བཙུགས་གནང་བ་རེད། ཕྱོགས་གཅིག་ནས་བལྟས་ན། གངས་སྐྱིད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད་པ་མ་ཟད། ས་གནས་ཁྲིམས་ཞིབ་ཁང་བཞི་བཙུགས་ཡོད་སྐབས་ཁྲིམས་རྩོད་པ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ཁྲིམས་ཞིབ་ཁང་ནས་ཡན་ལག་མང་པོ་འཛུགས་དགོས་པའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་དམ་ཞེས་པའི་བསམ་ཚུལ་སྤྱི་ཚོགས་ནང་ཡོང་གི་ཡོད།
འོན་ཀྱང་ཁྲིམས་ཞིབ་ཁང་ནས་༸གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་ལག་བསྟར་གནང་བའི་གནས་སྟངས་ཆགས་ཡོད། དེ་བཞིན་ཁྱེད་རང་ཚོ་ཉིན་བཅུ་རིང་གི་ཟབ་སྦྱོང་ལ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་མཆོག་གིས་ཟབ་ཁྲིད་གནང་ཡོད། སྤྱིར་བཏང་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གསུམ་དང་ལམ་སྟོན། དེ་བཞིན་བཅའ་ཁྲིམས་ནང་འབྲེལ་བ། དེ་ཙམ་མ་ཡིན་པར་མ་འོངས་པར་ང་ཚོ་ཁྲིམས་ལ་གཏུག་ན། བཅའ་ཁྲིམས་གཞིར་བཞག་ཐོག་ནས་སྒྲིག་གཞི་ཁག་ཆ་ཚང་ལ་མ་བལྟས་ན། ཁྲིམས་གཏུག་བྱེད་སྐབས་གཞི་ནས་གསར་པ་ལྟ་དགོས་པའི་གནས་སྟངས་ཆགས་ཀྱི་རེད། ང་ཚོས་བཙན་བྱོལ་གྱི་གནས་བབ་དང་བསྟུན་ནས་ཁྲིམས་ཀྱི་སྒྲོམ་གཞི་ཞིག་བཟོས་ཡོད། དེའི་ཨ་མ་ལྟ་བུ་འདི་བཅའ་ཁྲིམས་ཆགས་ཡོད། བཅའ་ཁྲིམས་ཀྱི་འོག་ནས་ཁྲིམས་སྒྲིག་གཞི་མང་པོ་ཞིག་བཟོས་ཡོད། མ་འོངས་པར་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བའི་ཐོག་ནས་ཁྲིམས་གཏུག་བྱས་ན། བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་བསྟུན་ནས་གཏུག་དགོས་ཀྱི་ཡོད། དེར་བརྟེན་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལྟ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་བཀོད་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་མང་གིས་ཁྲིམས་ལུགས་དབང་འཛིན་གྱི་འགྲོ་སྟངས་ཡག་པོ་ཞིག་གསལ་པོ་མ་ཤེས་པའི་སྟབས། ཁྲིམས་ཞིབ་ཁང་ནས་གང་ཞིག་གནང་ཐུབ་མིན་གྱི་གནས་སྟངས་རང་བཞིན་གྱིས་སོམ་ཉི་གྱུར་ཡོད། དེ་རིང་ཁྲིམས་ལུགས་དབང་འཛིན་གྱི་ཟབ་སྦྱོང་སྤྲད་པ་བརྒྱུད་ཁྱེད་རྣམ་པས་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་ལ་ཏན་ཏན་ཐུགས་ཕན་གསོས་པ་བྱུང་ཡོད་ངེས་རེད། དཔེར་ན དང་བླངས་དཔྱ་དངུལ་ལག་དེབ་ལ་རང་བཙན་ལག་དེབ་བརྗོད་ཀྱི་འདུག དེ་བཞིན་ང་ཚོ་སྤྱི་ལ་ཁྱབ་པའི་ཚིག་ས་གནས་འགོ་འཛིན་བརྗོད་ཀྱི་ཡོད་ཀྱང་ཁག་གཅིག་གིས་གཞིས་འགོ་དང་དོན་གཅོད། ས་གནས་གྲོས་ཚོགས་སོགས་གང་བྱུང་མ་བྱུང་བརྗོད་ཀྱི་འདུག དེར་བརྟེན་གཏན་འབེབས་བྱས་པའི་ཐ་སྙད་བེད་སྤྱོད་གཏོང་ཐུབ་ན། ཚང་མར་ཐུགས་ཕན་གསོ་ངེས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྤྱི་ཁྱབ་ཁྲིམས་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་བཅུ་རིང་གི་ཟབ་སྦྱོང་མཇུག་སྒྲིལ་གནང་།