༢༠༡༤ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོ་གསེར་རྟ་བླ་རུང་སྒར་དུ་མེ་སྐྱོན་བྱུང་སྟེ་གྲྭ་ཤག་མང་པོ་ཞིག་ཚིག་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། གསེར་རྟ་བླ་རུང་སྒར་དུ་མེ་སྐྱོན་ཆེན་པོ་ཞིག་བྱུང་སྟེ་བཙུན་མའི་གླིང་གི་བཙུན་མའི་ཤག་མང་པོ་ཚིག་ཡོད་པ་དང་། མེ་སྐྱོན་བྱུང་མ་ཐག་ཆོས་སྒར་གྱི་གྲྭ་བཙུན་དང་། ས་གནས་མང་ཚོགས་ཚོས་མེ་གསོད་ཐབས་བྱས་ཡོད་ཀྱང་། ཤིང་ཁང་ལས་གྲུབ་པའི་བཙུན་མའི་བཞུགས་ཤག་ཁག་མཉམ་དུ་འདུས་ཏེ་གནས་ཡོད་པ་མ་ཟད། ས་གནས་སུ་ཆུ་དཀོན་པ་དང་། ལྷག་པར་དགུན་དུས་མཚན་མོའི་རླུང་གི་རྒྱུ་ཕྱོགས་བཅས་ལ་བརྟེན་ནས་དུས་ཐོག་མེ་གསོད་མ་ཐུབ་པར། ཚོད་དཔག་བྱས་ན་བཞུགས་ཤག་ཁང་པ་བརྒྱ་ལ་ཉེ་བ་མེར་ཚིག་ཡོད་འདུག དེ་རྗེས་རྒྱ་ནག་གི་དམག་མི་མི་ཉུང་བ་དང་། མེ་གསོད་རུ་ཁག་གི་རླངས་འཁོར་གཉིས་ཙམ་འབྱོར་ནས་མེ་གསོད་རོགས་བྱས་ཡོད་འདུག མེ་སྐྱོན་དེའི་འོག་མིའི་སྲོག་ཤོར་མེད་ཀྱང་བཙུན་མ་གཉིས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག
དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་དུ་མེ་སྐྱོན་བྱུང་བར་ཧ་ཅང་བློ་ཕམ་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་དོན། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སེར་རྟ་ཁུལ་དང་ལྷག་པར་བླ་རུང་སྒར་དུ་མེ་སྐྱོན་གྱི་གོད་ཆག་ཚབས་ཆེ་བྱུང་བར་ཧ་ཅང་བློ་ཕམ་བྱུང་། ང་ཚོས་སློབ་གཉེར་གྱི་བསྟི་གནས་ཁང་གལ་ཆེན་འདི་གང་མྱུར་སླར་གསོ་བརྒྱུད་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་མུ་མཐུད་བདག་གཅེས་དང་གོང་འཕེལ་ཡོང་སླད་ཞབས་འདེགས་སྒྲུབ་ཐུབ་པའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད།
སྤྱིར་བཏང་བླ་རུང་སྒར་ནི་ཐོག་མར་ཕྱི་ལོ་ ༡༩༨༠ ལོར་མཁན་པོ་འཇིགས་མེད་ཕུན་ཚོགས་ཞིང་གཤེགས་དམ་པ་ཁོང་གིས་ཕྱག་བཏབ་པའི་བོད་ནང་གི་དགོན་པ་ཆེ་གྲས་ཞིག་ཡིན་འདུག ད་ལྟའི་ཆར་དགོན་པ་འདིའི་ནང་སློབ་གཉེར་གནང་མཁན་གྲྭ་བཙུན་ཁྱོན་ཁྲི་གཅིག་ཙམ་ཡོད་འདུག དེའི་ཁོངས་སུ་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་དང་། དེ་བཞིན་རྒྱ་མི་རིགས་ཆིག་སྟོང་ཙམ་མ་ཟད། ཐེ་ཝན་དང་ཧོང་ཀོང་། སིངྒ་པུར། མ་ལེ་ཤི་ཡ་བཅས་ནས་ཀྱང་སློབ་གཉེར་གནང་མཁན་ཡོད་འདུག