༢༠༡༤ ཟླ་ ༡ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཆོས་འབྲེལ་རྣམས་ཡོངས་སུ་ལེགས་གྲུབ་དང་སྦྲགས་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ཆོས་ཞུ་བ་ཡོངས་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གསུང་བཤད་གནང་དོན། བོད་ཁ་བ་གངས་ཅན་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དཔལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་རིས་མེད་ཆོས་བརྒྱུད་ཁག་གི་མཁན་ལས་ཟུར་དང་། བླ་སྤྲུལ། དགེ་བཤེས། སྐྱབས་གནས་དགེ་འདུན་གྱི་སྡེ། མི་མང་བཅས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་བ་བཞིན་ང་ཚོ་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་དང་མི་མང་གི་ཆེད་ལས་དོན་བྱེད་མཁན་རེད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་སྙིང་བསྡུས་ཤིག་སྙན་སྒྲོན་ཞུ་རྒྱུ་ཡིན། སྤྱིར་འཛམ་གླིང་ནང་འགྲུལ་བཞུད་དང་བརྡ་འཕྲིན་མ་ལག་གི་དངོས་པོའི་ཆ་རྐྱེན་ཡར་རྒྱས་ཧ་ཅང་ཕྱིན་པར་བརྟེན་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད། འཛམ་གླིང་གིས་རྒྱ་ནག་དང་རྒྱ་ནག་གིས་འཛམ་གླིང་ལ་ལྟ་སྟངས་ཐོག་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་གི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གནས་ཚུལ་དེ་ཚོའི་ཐོག་ཐུགས་སྣང་གནང་སྟེ། འབྲེལ་ཡོད་བཅར་ས་ཚང་མར་འདིའི་གནད་དོན་དང་འབྲེལ་བའི་ཐོག་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པའི་འགྲེལ་བཤད་དང་གསལ་བཤད་གང་ཐུབ་ཆ་ཚང་ཞུས་དང་ཞུ་བཞིན་ཡོད།
གཉིས་པ། རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད། རྒྱ་ནག་དམར་ཤོག་གི་བསམ་བློའི་རང་བཞིན་ཐོག་དབང་འཛིན་བྱེད་རྒྱུ་ཚད་མཐོ་ཤོས་དེ་ཡལ་ཚར་བ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། དེང་སང་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཙམ་ཞིག་འགྲོ་བཞིན་ཡོད་ཀྱང་ང་ཚོའི་འདོད་པ་ཁེངས་པ་ཞིག་ཡོང་གི་མེད་པ་གསལ་པོ་རེད། དེར་བརྟེན་དུས་རྒྱུན་དུ་རྒྱ་ནག་གི་ཐོག་ཉམས་ཞིབ་གནང་མཁན་དང་། རྒྱ་ནག་ནས་གནས་ཚུལ་ཐོན་པ་དེ་དག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བསམ་ཞིབ་བྱེད་རྒྱུ་དང་། གནས་ཚུལ་ཉན་རྒྱུ། བགྲོ་གླེང་བྱེད་རྒྱུའི་ཐོག་དོ་སྣང་བྱེད་བཞིན་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་རྒྱ་མི་རིགས་དང་མཉམ་འབྲེལ་བ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། ས་གནས་གང་དུ་བསླེབས་ཀྱང་གང་ཐུབ་རྒྱ་མི་རིགས་ལ་འབྲེལ་བ་བྱེད་རྒྱུ་དང་། ལྷག་པར་ཚོགས་འདུ་ཆེན་པོ་ལྟ་བུའི་ནང་མཉམ་ཞུགས་བྱེད་ཐུབ་རྒྱུར་འབད་བརྩོན་དང་། སྡིངས་ཆ་དེ་དག་བེད་སྤྱོད་གཏོང་ཐུབ་ཐབས་སུ་བོད་མི་མང་སྤྱི་འཐུས་ནང་ནས་རྒྱ་སྐད་ཤེས་མཁན་ཚོས་དེའི་ཐོག་འགན་ཆེན་པོ་ཞིག་འཁྱེར་ཐུབ་ཀྱི་འདུག ཅེས་ཞུ་འདོད་བྱུང་། ༸གོང་ས་མཆོག་གི་དགོངས་པ་བཞིན་འདི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག ལྷག་པར་རྒྱ་ནག་སྐམ་ས་ནས་ཚོགས་འདུར་བཅར་མཁན་དང་མཉམ་འབྲེལ་བ་བྱེད་རྒྱུ་གནད་འགག་ཆེན་པོ་ཆགས་ཀྱི་འདུག ཅེས་ཞུ་རྒྱུ་ཡིན།
བོད་ནང་རྒྱ་ནག་གི་མི་རིགས་མཉམ་སྲེས་ཀྱི་སྲིད་བྱུས་འོག་མི་སེར་སྤེལ་ཡུལ་དང་། ཐབས་ལམ་དེ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་ཞིག་སྤེལ་ཏེ། གང་ལྟར་མེ་འཁོར་གྱི་ལྕགས་ལམ་དང་། རླངས་འཁོར་གྱི་འགྲོ་ལམ། གནམ་ཐང་སོགས་ཧ་ཅང་རྒྱ་ཆེན་པོ་ཞིག་མྱུར་ཚད་མཐོ་པོའི་ཐོག་ནས་འགྲོ་བཞིན་ཡོད། ངས་དུས་རྒྱུན་ནས་ཤོད་ཀྱི་ཡོད། ང་ཚོ་བཙན་བྱོལ་ནང་རང་བཙན་དང་དབུ་མའི་ཐོག་བགྲོ་གླེང་མང་པོ་ཞིག་བྱེད་ཀྱི་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་ལ་ལྟོས་དང་། དབུ་མའི་ལམ་གྱི་ཐོག་ཕེབས་དགོས་པའི་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་ང་ཚོའི་བྱུང་རིམ་གྱི་དངོས་ཡོད་གནས་སྟངས་དང་དེའི་ཕན་ཡོན་ཕར་བཞག་སྟེ། ད་ལྟའི་བོད་ནང་འགྱུར་བ་འགྲོ་བཞིན་པ་དེས་འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུའི་ནང་བོད་ལ་ལོག་ཐུབ་རྗེས་རྒྱ་མི་རིགས་བོད་ནང་ཡོང་རྒྱུར་ཚད་གང་ཙམ་བཀག་འགོག་བྱེད་མ་ཐུབ་ཚེ། འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུའི་ནང་བོད་ནང་རྒྱ་མི་རིགས་ཀྱི་ཁེངས་ཏེ་དབུ་མའི་ལམ་གྱི་རང་སྐྱོང་རྩོད་རྒྱུ་ཡང་ག་ཚོད་ཀྱི་ཕན་ཐོགས་ཡོང་གི་ཡོད་ན་བསམ་པ་དྲན་མཁན་ཞིག་ཡིན། དེ་གཞིར་བཟུང་ས་གནས་གང་དུ་ཕྱིན་ཡང་བོད་མི་རིགས་ཚོར་འདིའི་སྐོར་ཤོད་ཀྱི་ཡོད། དེ་ཁོ་ནར་བསམ་བློ་བཏང་ན་ང་ཚོ་བཙན་བྱོལ་ནང་རང་བཙན་དང་དབུ་མའི་སྐོར་གྱི་རྩོད་པ་དགོས་རྒྱུ་མི་འདུག
ཉེ་ཆར་ཚོགས་གཙོས་སྣེ་འཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱལ་ཁབ་ཁག་ལྔའི་ནང་ཕྱིན་པ་རེད། དེ་སྔོན་ཡང་འདི་ལྟ་བུ་འགྲོ་རྒྱུ་བྱུང་ཡོད། ད་ལྟ་སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་མཇུག་མ་བསྒྲིལ་བར་རྒྱལ་ཁབ་མང་པོའི་ནང་སྐུ་ཚབ་བྱས་ནས་བོད་དོན་འགྲེལ་བཤད་བརྒྱབ་སྟེ་འགྲོ་རྒྱུའི་ལས་གཞི་བང་བསྒྲིགས་ཡོད། དེའི་སྐབས་ལའང་ང་ཚོས་གཙོ་བོ་ཞུ་རྒྱུ་དེ་རྒྱ་ནག་གཞུང་ནས་ང་ཚོས་ཕྱེད་རང་བཙན་སོགས་རྩོད་ཀྱི་ཡོད་འདུག ཅེས་ད་དུང་ཡང་འཁྱོག་བཤད་མུ་མཐུད་བྱེད་བཞིན་ཡོད་པར་བརྟེན། ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་དེ་གཉིས་གཙོ་བོར་བཟུང་སྟེ་འགྲེལ་བཤད་ཞུས་པ་ཡིན། བོད་ནང་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་འགྲེལ་བཤད་ཞུས་ཏེ་འདི་ལྟར་འགྲོ་དང་འགྲོ་བཞིན་ཡོད། ཅེས་སྙན་སེང་ཞུ་རྒྱུ་ཡིན། དེ་ནས་ང་ཚོའི་གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་དེ་དག་ང་ཚོས་ཞུ་མ་དགོས་པ་རེད། དེང་སང་ང་ཚོའི་སྤྱི་ཚོགས་ཀྱི་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད། བོད་ནང་ང་ཚོ་མ་འདོད་བཞིན་རྒྱ་ནག་གིས་བཙན་དབང་ཐོག་ནས་སྲིད་བྱུས་དང་ལས་གཞི་ལག་བསྟར་མང་པོ་ཞིག་བྱེད་བཞིན་ཡོད། གང་ལྟར་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུར་ཆབ་སྲིད་ཀྱི་དབང་ཆ་ལྟ་ཞོག་ཆོས་བྱེད་རྒྱུ་རང་དབང་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་བོད་པའི་སྐད་ཡིག་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། འོན་ཀྱང་བཙན་བྱོལ་ནང་ང་ཚོས་དང་དུ་བླངས་ཏེ་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ཏེ། གང་ལྟར་རྒྱ་བལ་འབྲུག་གསུམ་གྱི་གནས་སྟངས་ལྟ་བུར་མཚོན་ན། འབྱུང་འགྱུར་ལོ་བཅུ་ཉི་ཤུའི་ནང་ད་ལྟ་ཡོད་མུས་གཞིས་ཆགས་ཆེ་ཆུང་ལྔ་བཅུ་ང་བཞི་ཙམ་དེ་དག་སོ་སོ་ཁུངས་འཁྱོལ་ལ་མ་འཁྱོལ་གནས་དགོས་ཀྱི་འདུག་གམ། ཡང་ན་གཞིས་ཆགས་ཆེ་སའི་ནང་ཟླ་སྒྲིལ་གཏང་སྟེ་སྨན་ཁང་དང་སློབ་གྲྭ་ཚད་དང་ལྡན་པ་བརྒྱབ། དགོན་སྡེ་ཁག་ནི་ཡོད་མུས་རེད། སྤྱི་པའི་སྒྲིག་འཛུགས་གང་མང་ཞིག་འཛུགས་ཐུབ་ན།
དེར་ང་ཚོ་བོད་པ་ཐོག་མར་བཙན་བྱོལ་དུ་སླེབས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་སྲ་བརྟན་ཞིག་གནས་ཐུབ་རྒྱུ་དང་། མཐུན་རྐྱེན་ཡིན་རུང་གང་ཐུབ་ཡག་པོ་ཞིག་སྦྱར་ཐུབ་པ་བརྒྱུད་བོད་པའི་སྐད་ཡིག་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་དགོངས་པ་ད་ལྟ་ནས་བཞེས་དགོས་པའི་གནས་སྟངས་ཤིག་སླེབས་ཡོད། གང་ལྟར་ང་ཚོ་འདོད་ཀྱང་རུང་མི་འདོད་ཀྱང་རུང་འདས་པའི་ལོ་བཅུ་གཉིས་བཅུ་གསུམ་རིང་ང་ཡང་ཕྱི་རྒྱལ་དུ་ཕྱིན་ཏེ་བོད་རིགས་ཚོགས་པ་མང་ཆེ་བ་ཞིག་ཐུག་ཡོད། དེ་ཚོའི་གནས་སྟངས་ལ་བལྟས་ནས་ང་ཚོས་འདོད་ན་འདྲ་མ་འདོད་ན་འདྲ། བོད་པ་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསླེབས་ཡོད། དེ་དག་ང་ཚོ་གཞིས་ཆགས་བཞིན་མིན་པར། སྤྱིར་བཏང་རྒྱལ་ཁབ་གཅིག་ནང་ཡིན་ཡང་ཁ་ཐོར་ནས་བསྡད་ཡོད་སྟབས། རང་བཞིན་གྱིས་ཁོར་ཡུག་དང་གནས་བབ་དབང་གིས་མ་འོངས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་མིན་སྐོར་ང་ཚོར་སེམས་ཁྲལ་ཡོང་གི་འདུག ད་ལྟའི་སྐབས་སྤྱི་ཚོགས་གཞན་དང་མ་འདྲ་བར་བོད་པ་ནང་ཁུལ་ནང་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཏེ། ག་ཚོད་ཐུབ་ཐུབ་རེས་གཟའ་སྤེན་པ་དང་ཉི་མར་བོད་པའི་སྐད་ཡིག་དང་། ཆོས་དང་རིག་གཞུང་སོགས་སློབ་ཁྲིད་བྱེད་བཞིན་ཡོད། འོན་ཀྱང་ཁོར་ཡུག་གི་གནས་བབ་ཐོག་ནས་ཚང་མར་ཁྱབ་ཐུབ་ཀྱི་མེད། དེ་ལྟ་བུའི་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་བཞིན་ཡོད་སྟབས། དེ་ཚོའི་འགྲོ་ལུགས་འགྲོ་སྟངས་གང་འདྲ་བྱེད་དགོས་མིན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཡོད། བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བཞག་ན་གང་འདྲ་བྱེད་དགོས་པ་དང་། བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མ་བསྡད་ན་གང་ལྟར་རྡ་སའི་བོད་མིའི་སྒྲིག་འཛུགས་དང་། བོད་རིགས་འཛམ་གླིང་སྤྱི་ཡོངས་ལ་ཡོད་པའི་བོད་རིགས་རྣམས་འབྲེལ་བ་དམ་ཟབ་ཡོང་རྒྱུར་གང་དང་གང་བྱེད་མིན་ཐོག་ཚོགས་ཆུང་བཙུགས་ཏེ། ཁོང་ཚོའི་སྙན་ཐོ་གྲོས་ཚོགས་ནང་བསླེབ་ན་བཀའ་བསྡུར་རྒྱས་པ་ཞིག་ཏན་ཏན་ཡོང་གི་རེད་བསམས་ཀྱི་ཡོད། སྤྱི་ཡོངས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག་དེང་སང་ཆ་བཞག་ན། སྐབས་རེ་ང་ཚོའི་སྤྱི་འཐུས་བྱེ་བྲག་པ་གཅིག་གཉིས་ཀྱི་གསུང་བབ་དང་བྱ་སྤྱོད་ལ་བརྟེན་ནས་དཀའ་ངལ་ཕྲན་བུ་འཕྲད་པ་རེད་མ་གཏོགས། སྤྱི་ཡོངས་ཀྱི་ཆ་ནས་དེང་སང་ཡར་རྒྱས་གང་ཙམ་ཕྱིན་ཡོད། ཅེས་ཞུ་འདོད་བྱུང་།
ཆོལ་ཁ་ཆོས་ལུགས་ཀྱི་རྙོག་གྲ་སྔོན་མ་ཕྲན་བུ་ཡོད་པ་དེ་དེང་སྐབས་ཞི་འཇམ་དུ་ཕྱིན་ཡོད། མི་མང་ལ་འགན་འཁུར་རྒྱུ་དེ་ཡང་ཕྱི་ལོ་ ༢༠༠༩ ནས་སྤྱི་འཐུས་རྣམ་པ་ཚོ་རྒྱ་བལ་འབྲུག་གསུམ་གྱི་ས་ཆ་ ༡༩ ལ་ས་བགོས་ཀྱིས་སོ་སོར་འོས་བླུག་མཁན་ཡོད་མིན་ལ་མ་ལྟོས་པར་མི་མང་ལ་འགན་འཁྱེར་ཏེ། ལོ་གཉིས་ཕྱེད་ཀའི་རིང་ས་གནས་དེར་འགན་འཁྱེར་ཐོག གཙོ་བོ་མི་མང་ལ་གཞི་རིམ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། ཤེས་ཡོན་སྤྲོད་སྟངས་ཚད་ལྡན་ཡོང་རྒྱུ། གཞིས་ཆགས་སྲ་བརྟན་ཡོང་རྒྱུ། ༸གོང་ས་མཆོག་གིས་དུས་རྒྱུན་བཀའ་སློབ་ཕེབས་པ་བཞིན་གཞིས་ཆགས་ཁག་ལ་ཡོད་པའི་དངོས་གནས་ཉམ་ཐག་ཡིན་པ་དང་ཉམ་ཐག་གི་ཐོབ་ཐང་བྲལ་བ་དེ་དག་ཉམ་ཐག་ནང་ཚུད་ཐབས་འབད་བརྩོན་ལོ་གཅིག་ནང་བྱུང་ན། ཐེངས་གཉིས་དང་མ་བྱུང་ན་ཐེངས་གཅིག་ཡིན་གཅིག་མིན་གཅིག་སོ་སོའི་ས་བགོས་ཡོད་པའི་ས་ཆར་འགྲོ་རྒྱུའི་ལས་རིམ་འགྲོ་བཞིན་ཡོད། དེ་འགྲོ་བའི་བརྒྱུད་ནས་གྲོས་ཚོགས་ནང་མང་ཚོགས་ཀྱི་དཀའ་ངལ་དང་འབྲེལ་བའི་གནད་དོན་གང་ཡིན་རུང་ཚད་དང་ལྡན་པའི་ཐོག་ནས་ཤོད་རྒྱུ་ཡོད་པ་ཞིག་ད་ལྟ་ཆགས་འདུག ཅེས་ཞུ་རྒྱུ་ཡིན། གྲོས་ཚོགས་ནང་ལའང་ཆབ་སྲིད་ཀྱ་གནད་དོན་ཐོག་ཡིན་རུང་ང་ཚོ་སྤྱི་འཐུས་ཚོའི་ནང་ང་ལྟ་བུ་མཚོན་ན་བཙན་བྱོལ་ནང་སྐྱེས་པར་བརྟེན། བོད་དངསོ་སུ་མཐོང་མ་མྱོང་བར་སོང་དེའི་ཚོར་བ་དང་མྱོང་བ་མི་འདྲ་བ་ཞིག་ཡོད། དེང་སྐབས་སྤྱི་འཐུས་ནང་བོད་དངོས་སུ་མཐོང་མྱོང་བ་ཡོད་སྟབས། ད་ལྟའི་གནས་བབ་གང་ཞིག་བྱུང་ཡང་ཚོར་ཤུགས་ཆེན་པོའི་ཐོག་ནས་ལྟ་ཐུབ་རྒྱུའི་གནས་སྟངས་ཤིག་ཡོད་པར་བརྟེན། ཆབ་སྲིད་ཀྱི་བགྲོ་གླེང་གང་ཞིག་བྱས་ཀྱང་ཚད་དང་ལྡན་པ་ཞིག་ཡོང་གི་འདུག སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་ལ་ཡིན་རུང་ང་ཚོགས་གཙོ་བྱེད་སྐབས་དཀའ་ངལ་རྩ་བ་ནས་མ་འཕྲད་པའི་ཐོག་ཚང་མས་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུང་བྱེད་བཞིན་ཡོད། ཅེས་གསུང་བཤད་གནང་ཡོད།