༢༠༡༣ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་སྦིར་བོད་མིའི་གཞིས་ཆགས་ཁག་གསུམ་ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་སླར་གསོ་གནང་འདུག དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡ ཉིན་བོད་མིའི་གཞིས་ཆགས་སྦིར་བོད་ཚོགས་དང་ནང་ཆེན་དགེ་སྡེ་གསུམ་ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་སླར་གསོའི་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག གནད་དོན་དེའི་སྐོར་སྦིར་བོད་ཚོགས་ས་གནས་འགོ་འཛིན་གྱིས་བརྒྱུད་ལམ་ཁག་གཅིག་ནང་འགྲེལ་བརྗོད་གནང་གསལ། འདི་ཟླའི་ཕྱི་ཚེས་ ༡ ཉིན་སྦིར་ཅོན་ཏ་ར་བོད་ཁྱིམ་ཚོགས་ཁང་ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་སླར་གསོའི་ཆེད་ཚོགས་འདུ་སྐོང་ཚོགས་གནང་བ་རེད། སྤྱིར་བཏང་ས་གནས་སུ་ཕྱི་ལོ་ ༡༩༨༠ ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་གནང་འདུག འོན་ཀྱང་ཕྱི་ལོ་ ༡༩༩༩ ནང་རིམ་བཞིན་ཉམས་ཆག་ཕྱིན་ཡོད། བཀའ་ཤག་གིས་རྒྱ་གར་ཡུལ་མི་དང་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་ཡོད་པ་ལྟར། གཞིས་ཆགས་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་དང་ས་གནས་གྲོས་ཚོགས། དགོན་སྡེ། སློབ་གྲྭ་སོགས་ཀྱི་སྐུ་ཚབ་ཁག་ལས་གྲུབ་པའི་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་བྷེ་ཇི་ནཐ་གི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤོ་རི་ལཱལ་མཆོག་སྐུ་མགྲོན་གཙོ་བོ་དང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས། ས་གནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག མི་དམངས་སོགས་ལྷན་འཛོམས་ཐོག་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་རྒྱ་གར་ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་སླར་གསོ་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུང་བཤད་གནང་ཡོད། ལྷག་པར་ཚོགས་འདུ་དེའི་ཐོག་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་དང་ཁྲིམས་རྩོད་པ་བཅས་ཚོགས་བཅར་བ་ཡོངས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་སླར་གསོ་བྱེད་རྒྱུའི་ཐག་གཅོད་བྱུང་བ་ལྟར། ཚོགས་གཙོ་སོགས་གསར་བསྐོ་བྱུང་བ་རྣམས་ནས་བོད་དོན་ཐོག་གདུང་སེམས་སྐྱེ་ཡོད་པའི་གསུང་བཤད་གནང་འདུག དེ་བཞིན་ལས་དོན་དང་འབྲེལ་བའི་ཐོག་ཕྱི་ཚེས་ ༣ ཉིན་ས་གནས་སུ་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་ཚོགས་གནང་འདུག་པ་བཅས། །