༢༠༡༣ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༣ ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བཀའ་ཤག་གི་ཚོགས་ཁང་ནང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྡ་ས་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་ནས་ས་གནས་ཁག་བདུན་ནས་ཁྱོན་བུ་ཕྲུག་ ༢༡ ལ་ཟླ་གསུམ་རིང་སྐྲ་མཛེས་བཟོའི་ཆེད་ལས་སྦྱོང་བརྡར་གྱི་ཟབ་སྦྱོང་དེ་བཞིན་གོང་ཚེས་ཉིན་མཇུག་སྒྲིལ་གནང་སོང་། དེ་ཡང་ཐོག་མར་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ལས་རིམ་ངོ་སྤྲོད་གསུང་བཤད་དང་། དེ་ནས་ཟབ་ཁྲིད་གནང་མཁན་རྒན་ཀརྨ་གཡུང་དྲུང་ལགས་ཀྱིས་རང་ཉིད་ཀྱི་མྱོང་ཚོར་གསུང་བཤད་གནང་ཡོད། དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ས་རཱ་མཐོ་སློབ་ཀྱི་སྐུ་ཚབ་དྲུང་ཆེ་པ་སངས་ཚེ་རིང་ལགས་དང་། རྒན་གཡུང་དྲུང་ལགས་སུ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་། ཕྱོགས་མཚུངས་འདིར་ཕེབས་སློབ་ཕྲུག་ ༡༣ ལ་ཕྱག་འཁྱེར་གནང་སྟེ་མཇུག་བསྡོམས་གསུང་བཤད་གནང་དོན། ནང་སྲིད་དྲུང་ཆེས་གཙོས་ནང་སྲིད་ལས་ཁུངས་ནང་ཕྱག་ལས་གནང་མཁན་དཔལ་ལྡན་ལགས་དང་འཇིགས་མེད་ཚུལ་ཁྲིམས་ལགས། ས་རཱ་མཐོ་སློབ་དང་བོད་མིའི་སྒྲིག་འཛུགས་ཐུན་མོང་ཐོག་ཕྱག་ལས་མང་དག་གནང་བཞིན་ཡོད། ས་རཱ་མཐོ་སློབ་ནས་ང་ཚོའི་གཞོན་སྐྱེས་ཚོར་སྤྱི་ཡོངས་ཐོག་ནས་མཐུན་རྐྱེན་མང་པོ་ཞིག་གནང་ཡོད་པ་མ་ཟད།
ཐེངས་འདིར་ཡང་ལས་གཞིའི་ཐོག་ལ་མཐུན་རྐྱེན་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་ཟླ་བ་གསུམ་རིང་གང་ཐུབ་ཅི་ཐུབ་ཀྱིས་སྦྱང་བརྩོན་གནང་ཡོད། དེར་བརྟེན་ཁྱེད་རྣམ་པ་ས་ཕྱོགས་གང་དུ་ཕེབས་ཀྱང་སྐྲ་བཟོ་དང་སྐྲ་འབྲེག་རྒྱུའི་ཐོག་མཆོག་ཏུ་གྱུར་བ་ཞིག་ཆགས་ཡོད་པའི་ཡིད་ཆེས་ཡོད། ཁྱེད་རྣམ་པ་ཚོར་ང་ཚོ་ནང་སྲིད་ལས་ཁུངས་ནས་མཐུན་འགྱུར་བསྐྲུན་ཐུབ་པ་དེ་འདྲ་ཡོད་ན་མཐུན་རྐྱེན་བསྐྲུན་ངེས་རེད། ནང་སྲིད་ལས་ཁུངས་ལ་ཡིན་རུང་སྒྲིག་གཞི་དང་ཆ་རྐྱེན་མང་དག་ཅིག་ཡོད། འོན་ཀྱང་ཆ་རྐྱེན་རྣམས་གུ་ཡངས་སུ་གཏོང་ཐབས་བྱེད་བཞིན་ཡོད། སྐྲ་འབྲེག་མཁན་ཚོ་དང་སྒེར་གྱི་འབྲེལ་བ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་བྱེད་ཐུབ་ན་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་ཚོང་ལས་རྒྱ་ཆེ་རུ་འགྲོ་ངེས་རེད། ང་རང་ཨ་རིར་གཞུང་འབྲེལ་ཐོག་ཐེངས་བཞི་ཕྱིན་པ་ཡིན། ཐེངས་གཉིས་པའི་སྐབས་ཨ་རིའི་གནད་ཡོད་མི་སྣ་ཞིག་གིས་ཁྱེད་རང་ཚོ་བོད་པ་ལྟ་སོ་གསུམ་ཡོད། ༉༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༢༽ཡ་རབས་སྤྱོད་བཟང། ༣༽དྲང་བདེན་བྱེད་རྒྱུ་གསུམ་ཡོད། དེ་དག་མ་བརླག་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཝ་ཤིང་ཊོན་ཌེ་སིའི་ནང་བོད་པ་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བ་ཡོང་དགོས་དོན་ནི། གོང་འཁོད་གསུམ་བོད་པ་ཚོར་ཡོད་པར་བརྟེན་ནས་བྱུང་བ་ཞིག་རེད། ཅེས་གསུངས་བྱུང། དེར་བརྟེན་ཁྱེད་རྣམ་པས་ལས་དོན་སྒྲུབ་སྐབས་དུས་རྟག་ཏུ་ཡ་རབས་བཟང་སྤྱོད་དང་དྲང་བདེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚོང་དོན་ཐོག་ལ་ཡང་དེ་ལྟར་གནང་ན་རྣམ་པ་ཚོར་ཐུགས་ཕན་གསོལ་གྱི་རེད་སྙམ་གྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་གནང་།
སྤྱིར་བཏང་ཐེངས་འདིའི་ཟབ་སྦྱོང་འདི་བཞིན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༠ ནས་ཁྱོན་ཟླ་གྲངས་གསུམ་རིང་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཚོགས་ཏེ་དེ་རིང་མཇུག་བསྒྲིལ་གནང་ཡོད།།