༢༠༡༣ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས་དང་། དགའ་ལྡན་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་ར་ཆེན་མོའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པ་ཆེ་མཆོག་དང་ཌོཀ་ཊར་སྦེ་རི་ལགས་གཉིས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་ཆོས་དབུ་འཛུགས་མ་མཛད་གོང་གདན་ས་ཁག་དང་དེ་བཞིན་བཤད་གྲྭ་ཁག་གི་དགེ་འདུན་པ་རྣམས་ཀྱིས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་བྱེད་དགོས་སྐོར་བཀའ་སློབ་ཕེབས་དོན། དེ་སྔ་གདན་སའི་རྒན་པདྨ་རྒྱལ་མཚན་གྱིས་མཚོན་པའི་རྒན་རབས་པ་ཚོས་དངོས་གནས་ཐུགས་འཁུར་བསྐྱེད་དེ་ཧུར་ཐག་འབད་ཐག་གནང་སོང་།
སྐབས་དེ་དུས་དཀའ་ངལ་ཡོད་པ་རེད། འོན་ཀྱང་ཧུར་ཐག་འབད་ཐག་གནང་ཡོད། དེ་དུས་སློབ་གཉེར་བྱེད་མཁན་དགེ་འདུན་པ་ཧྲག་ཧྲག་ཡོད་པའི་སྐབས་དེར་ངོས་ནས་སྨྱུག་ཁང་ཞིག་གི་ནང་རུག་རུག་བྱས་ཏེ་ཆོས་འབྲེལ་བྱེད་རྒྱུ་བྱུང་ན་སྙམ་པ་བྱུང་ལ་ངོས་ནས་དེ་དུས་བརྗོད་རྒྱུ་ཡང་བྱུང་། ཁྱེད་ཚོར་དགེ་རྒན་སྤུས་དག་པོ་འདི་དག་གི་མདུན་ནས་སློབ་གཉེར་སྤུས་དག་པོ་བྱེད་རྒྱུ་བྱུང་བ་རེད།
དེ་དུས་ངོས་རང་ཡང་དུས་ཚོད་མེད་པ་དང་སྟབས་བདེ་མེད་པ་རེད་མ་གཏོགས་དེར་བསྡད་དེ་སློབ་གཉེར་ཞིག་བྱས་ན་སྙམ་པ་དྲན་མྱོང་ཡོད། དེ་ནས་མི་རབས་བརྗེ་འགྲོ་གི་ཡོད་པ་བཞིན་མི་རབས་རྗེས་མ་གསར་པ་སླེབ་གིན་སླེབ་གིན་བྱེད་ཀྱི་ཡོད་ལ་བར་སྐབས་གཞིས་བྱེས་གཉིས་འབྲེལ་བ་གསར་པ་ཞིག་མཐུད་པའི་རྗེས་ལ་བོད་ནས་གྲྭ་རྒྱུན་མང་པོ་ཞིག་མུ་མཐུད་འབྱོར་ཏེ་དེ་དག་ཚང་མས་ཧུར་ཐག་འབད་ཐག་གིས་དཔེ་ཆ་བལྟས་ནས་དགེ་བཤེས་ཐོན་ཏེ་དཔེ་ཆ་གང་ཙམ་ཤེས་རྗེས་རང་རང་གི་ལུང་པར་ཕྱིན་ཏེ་དེ་སྔ་དགོན་པ་དེ་ཚོའི་ནང་གཞུང་ཆེན་སློབ་གཉེར་མེད་མཁན་ཚོར་གསར་དུ་ཚུགས་ཐུབ་པ་དང་ཡོད་པ་ཚོ་གོང་འཕེལ་གཏོང་རྒྱུ། ཡུལ་པ་ཚོར་ནང་ཆོས་ངོ་སྤྲོད་ཀྱི་མཚོན་པའི་ཁུར་བླངས་ཏེ་བསྟན་པའི་ཞབས་འདེགས་མིག་མཐོང་ལག་ཟིན་ཡག་པོ་བྱུང་འདུག་པར་རྗེས་སུ་ཡི་རང་ཡོད། ད་ལྟ་སློབ་གཉེར་བྱས་དང་བྱེད་བཞིན་པ་ཁྱེད་རྣམས་སོ་སོའི་མི་ཚེའི་དོན་ཁོ་ན་མ་རེད། རྗེ་རིན་པོ་ཆེས་ཐུགས་སྨོན་མཛད་ཡོད་པ་ལྟར། བསྟན་པ་རིན་ཆེན་མ་ཁྱབ་པའི་གནས་དང་ཁྱབ་ནས་ཡོད་ཀྱང་དེ་དག་མི་ཉམས་གོང་འཕེལ་གཏོང་རྒྱུའི་སླད་ལས་འགན་འཁྱེར་མཁན་དེ་ཁྱེད་རྣམས་ཆགས་ཡོད། དེ་ཡང་གདན་སའི་ནང་བསྡད་དེ་དཔེ་ཆ་ལྟ་མཁན་ཁྱེད་རྣམ་པ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་ཡོད། མཁས་གྲུབ་གཉིས་ལྡན་གྱི་དགེ་རྒན་ཧ་ཅང་གལ་ཆེན་པོ་རེད། དུས་རབས་རྫོགས་འགྲོ་གི་ཡོད་ཀྱང་མི་རབས་གསར་པའི་ནང་གི་དཔེ་ཆ་ཤེས་མཁན་ཚོ་རིམ་བཞིན་ཡོང་གི་ཡོད། ཁྱེད་རང་ཚོ་ཚང་མར་བསྔགས་བརྗོད་ཡོད། ངོས་རང་རྡ་ས་དང་ཕྱི་རྒྱལ་སོགས་སུ་བསྐྱོད་སྐབས་གདན་ས་ཚོའི་ནང་དཔེ་ཆ་ལྟ་མཁན་ཧ་ཅང་ཡག་པོ་ཡོད་སྙམ་སྟེ་སྤོབས་སེམས་དང་སྤྲོ་སྣང་བསླེབ་རྒྱུ་ཞིག་ཡོང་བཞིན་འདུག དེར་བརྟེན་ཁྱེད་ཚོས་ད་བར་ཧུར་ཐག་འབད་ཐག་བྱས་ཡོད།
དེ་ནས་བོད་སྤྱི་པའི་དོན་ལ་ཆ་བཞག་ན། ང་ཚོའི་འཐབ་རྩོད་དེ་ནི་མེ་མདའི་སྟོབས་ཤུགས་དང་བདེན་པའི་སྟོབས་ཤུགས་ཀྱི་འཐབ་རྩོད་རེད། མེ་མདའི་སྟོབས་ཤུགས་ཟེར་བ་དེར་འཕྲལ་སེལ་གྱི་ཆ་འཇོག་ཆེན་པོ་ཡོང་གི་རེད། འོན་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་གལ་ཆེ་གི་རེད་མ་གཏོགས་མེ་མདའི་སྟོབས་ཤུགས་ཟེར་བ་དེ་ཁག་པོ་རེད། ཕྱི་ལོ་ ༡༩༤༩ ། ༡༩༥༠ ནས་བརྩིས་ན་བདེན་པའི་སྟོབས་ཤུགས་དེ་ལོ་ངོ་དྲུག་ཅུ་བརྒལ་འགྲོ་གི་ཡོད། འོན་ཀྱང་བོད་ནང་གི་མི་མང་ཚོ་ཡིན་ནའང་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། ད་ཆ་བདེན་པའི་སྟོབས་ཤུགས་གསལ་ཏེ་རྒྱ་རིགས་གྲོགས་པོ་ཚོའི་ནང་དུ་ཡིན་ཡང་རྩོམ་ཡིག་འབྲི་མཁན་དང་སྒྱུ་རྩལ་མཁན། ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོ་བཅས་ཀྱི་བོད་ཀྱི་བདེན་དོན་ལ་ཤ་ཚ་དང་སེམས་ཁུར་བྱེད་མཁན། དཔེར་ན། འདས་པའི་ལོ་ངོ་གསུམ་ཙམ་ནང་བོད་ཀྱི་གནད་དོན་རྒྱ་ཡིག་ནང་རྩོམ་ཡིག་རྒྱ་ནག་རང་ནས་རྒྱ་མི་རིགས་ཀྱིས་བྲིས་པའི་རྩོམ་ཡིག་ཉིས་བརྒྱ་ཙམ་དང་། དེ་བཞིན་ཐེ་ཝན་དང་ཕྱི་རྒྱལ་ཁག་བཅས་ནས་བྲིས་པ་སྟོང་ཕྲག་ལྷག་ཙམ་ཡོད། དེ་དག་ཚང་མའི་ནང་ང་ཚོས་དབུ་མའི་ལམ་ཞེས་པའི་གཉིས་སྨན་རང་རྒྱལ་གཞན་ཕམ་ཟེར་རྒྱུ་མིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པའི་རྩོམ་ཡིག་ང་ཚོས་དོ་སྣང་བྱུང་བ་སྟོང་ཕྲག་ལྷག་ཙམ་འདུག དེ་དག་ནི་ང་ཚོའི་བདེན་པའི་སྟོབས་ཤུགས་ཀྱི་ནུས་པ་དེ་གསལ་ཡོང་གི་ཡོད། བོད་མིར་བདེན་པའི་སྟོབས་ཤུགས་ཡོད་པར་སོང་ཡུན་རིང་པོའི་ཆ་ནས་དེ་ངེས་པར་དུ་མཐའ་གསལ་རྒྱུ་རེད། བོད་རྒྱ་ཆེའི་མི་མང་གིས་སྙིང་སྟོབས་དང་སེམས་ཤུགས་དེ་འདྲ་ཞིག་དུས་ད་ལྟ་བར་དུ་གནས་ཡོད། སོ་སོའི་མི་རིགས་ཀྱི་སྐད་ཡིག་དེའི་ནང་དུ་སངས་རྒྱས་པའི་ཆོས་ཕྱུག་ཤོས་དེ་གནས་ཡོད། བོད་དབུས་གཙང་མདོ་སྟོད་སྨད་ཀྱི་ས་ཁུལ་ཡོངས་རྫོགས་ནང་སོ་སོའི་མི་རིགས་ཀྱི་ལར་ཞེན་དང་ལྟ་བ། རང་ཉིད་ཆོས་ལུགས་ལ་དད་པ་མེད་ཀྱང་མི་རིགས་ཀྱི་བསམ་བློ་ཡོད་མཁན་ངོས་ཀྱི་ངོ་ཤེས་མང་པོ་ཡོད། གུང་ཁྲན་ཏང་ཡོན་འབའ་བ་ཕུགས་ཚོགས་དབང་རྒྱལ་དང་ཡང་གླིང་རྡོ་རྗེས་མཚོན་གུང་ཁྲན་ཏང་ཡོན་རེད། ཁོ་ཚོ་ཆོས་ལ་དད་པ་མེད་ཀྱང་མི་རིགས་ཀྱི་ཞེན་ཁོག་དང་ལྷག་བསམ་ཧ་ལས་པ་རེད།
ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཆོས་ཕྱོགས་ཀྱི་གནས་ཚུལ་དེས་ཆབ་སྲིད་གནས་ཚུལ་ཐོག་ཕན་ཐོགས་བྱུང་ཡོད་དམ་བརྗོད་ན། ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་རྡོག་ལ་བསྒྲིལ་ནས་བསྡད་ཐུབ་པ་དེ་སངས་རྒྱས་པའི་ཆོས་དང་བོད་ཀྱི་སྐད་ཡིག་གིས་ཡིན་འདུག དེར་བརྟེན་ཆབ་སྲིད་གནས་ཚུལ་མ་རེད། ཆབ་སྲིད་གནད་དོན་ཐོག་ཕན་ཐོགས་ཤུགས་ཆེ་ཡོད་པ་གསལ་པོ་ཆགས་ཡོད། གང་ལྟར་བོད་པའི་ཆེ་མཐོང་ལྟ་བུ་དེ་སངས་རྒྱས་པའི་ལྟ་གྲུབ་རྣམས་ཆགས་ཡོད། ངོས་ཀྱིས་ལྟ་གྲུབ་དང་ཆོས་གཉིས་དབྱེ་བ་འབྱེད་ཀྱི་ཡོད། སངས་རྒྱས་པའི་གཞུང་ནས་གསུངས་པའི་ཚན་རིག་དང་། སངས་རྒྱས་པའི་གཞུང་ནས་གསུངས་པའི་ལྟ་གྲུབ། དེ་ནས་སངས་རྒྱས་པའི་ཆོས་བཅས་དུམ་བུ་གསུམ་ལ་དབྱེ་གི་ཡོད། སངས་རྒྱས་པའི་གཞུང་ནས་གསུངས་པའི་ལྟ་གྲུབ་དང་ཚན་རིག་དེ་དག་སྤྱི་ཡོངས་ཐུན་མོང་གི་བསྒྲུབ་རྒྱུ་ཞིག་ཡིན། སངས་རྒྱས་པའི་ཆོས་དེ་ནང་པ་ཡོངས་སུ་རྫོགས་པས་བདག་པོ་རྒྱག་དགོས་པ་རེད། དེ་ལྟར་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ཡས་མས་ཡོད་པ་དེ་རྣམས་དུམ་བུ་གསུམ་དུ་དབྱེ་བ་ཕྱེ་ཡི་ཡོད། ལྟ་གྲུབ་དང་ཚན་རིག ནང་ཆོས་བཅས་དུམ་བུ་གསུམ་ཕྱེ་རྒྱུ་དེ་འགོ་བཙུགས་ཏེ་ཚན་རིག་གི་སྡེ་ཚན་དེ་ལོ་གསར་པའི་ནང་ཐོན་ཐུབ་རེ་ཡོད་པ་ཡིན།
ཅེས་དང་ཡང་༸གོང་ས་མཆོག་གིས་དེང་རབས་ཀྱི་སློབ་གསོའི་སྐོར་བཀའ་སློབ་ཕེབས་དོན། སྐུ་མདུན་སྐུ་གོང་མས་བོད་ཕྲུག་གཞུང་ཞབས་གཞོན་པ་ཁག་གཅིག་དབྱིན་ཡུལ་དུ་སློབ་སྦྱོང་ལ་གཏོང་གནང་མཛད་པ་ལག་ལེན་མཐའ་འཁྱོལ་མེད། གདན་སའི་མཁན་པོ་ཚོའི་ནང་ནས་བསྟན་དགྲ་ཕྱི་གླིང་བའི་སྐད་ཡིག་བསླབ་ན་སངས་རྒྱས་ཀྱི་བསྟན་པར་གནོད་ཀྱི་རེད། ཅེས་བརྗོད་ཡོད། འོན་ཀྱང་དེ་རིང་ཁ་སང་མཁན་པོ་ཚོའི་ནང་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བརྒྱུགས་དགོས་ཀྱི་འདུག ད་ཆ་ཕྱི་མིག་ལྟ་སྐབས་ནོར་འཁྲུལ་མང་པོ་ཞིག་ང་ཚོས་ལྷོད་གཡེང་དང་འཐུས་ཤོར་ཕྱིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་བཀའ་ཆོས་ལྷག་འཕྲོ་ནས་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ།།