༢༠༡༣ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་དཀོན་མཆོག་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་འདུག
གོང་ཚེས་ཉིན་གྱི་ཕྱི་དྲོ་རྔ་བ་ཁུལ་རྔ་བ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་དཀོན་མཆོག་ཚེ་བརྟན་ལགས། ཉིན་དེར་རྒྱ་གཞུང་ཉེན་རྟོག་པས་འབར་ཁམས་སུ་འཁྱེར་བའི་ལམ་བར་ནས་འདས་གྲོངས་སུ་གྱུར་སྟབས། ཕུང་པོ་མེར་སྲེག་བཏང་ཡོད་སྐོར་ཁོང་གི་ནང་མིར་བརྗོད་ཡོད་འདུག
རྒྱ་གཞུང་ཉེན་རྟོག་པས་ཁོང་ལམ་བར་དུ་འདས་གྲོངས་སུ་གྱུར་རྗེས། ཁྱིམ་མི་ཚོར་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་ཐད་ཀར་མེར་སྲེག་བཏང་ཡོད་པ་མ་ཟད། ཁོང་གི་རུས་ཐལ་ཡིན་ཟེར་ནས་ཐལ་བ་ཅུང་ཙམ་ཞིག་འདས་པོའི་བཟའ་ཟླའི་སྤུན་མཆེད་ཅིག་གི་ལག་ཏུ་སྤྲད་ཡོད་ཀྱང་། སྐུ་ཕུང་ག་དུས་མེར་སྲེག་བཏང་མིན་དང་ཇི་ལྟར་བཏང་བ་སོགས་གསལ་བཤད་གང་ཡང་བྱས་མི་འདུག