༢༠༡༣ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཉེ་ཆར་ཁམས་ནང་ཆེན་ནས་ཡིན་པའི་མཁན་པོ་ཀར་ཚེ་ཞུ་བ་དང་། མཁན་པོ་འགྱུར་མེད་ཚུལ་ཁྲིམས་ཞུ་བ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་ཉིན་ཤས་སོང་མཚམས། ས་གནས་མི་མང་གིས་རྩད་གཅོད་ཤུགས་ཆེ་བྱས་པར་བརྟེན་གཉིས་ཀ་གློད་བཀྲོལ་བཏང་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ནང་ཆེན་རྫོང་གི་མཁན་པོ་ཀར་ཚེས་དགོན་པའི་ཆེད་དུ་སྐུ་འདྲ་ཆེན་པོ་ཞིག་བླུ་སར་འགྲོ་སྐབས་ཕྱི་ཟླ་ ༡༢ ཚེས་ ༦ གི་མཚན་མོའི་ཆུ་ཚོད་ ༡ ཙམ་ལ་རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་ནས་རྒྱ་གཞུང་གིས་ལྐོག་ཏུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་རྗེས། དགོན་པ་དང་ཡུལ་མིས་ཤེས་རྟོགས་བྱུང་ནས་དགོན་སྡེ་ཁག་གི་འཐུས་མི་དང་། གྲོང་སྡེ་ཆེ་ཆུང་ ༣༠ ལྷག་གི་འཐུས་མི་རྣམས་མཉམ་འཛོམས་ཀྱིས་ཁོང་མགྱོགས་མྱུར་དགོན་པར་རྩིས་སྤྲོད་མ་བྱས་ཚེ་ནང་ཆེན་རྫོང་གི་དགོན་སྡེ་དང་ཡུལ་སྡེ་སོ་སོས་རང་སྲོག་ལ་མི་འཛེམས་པར་ ངོ་རྒོལ་ཤུགས་ཆེ་བྱ་རྒྱུ་ཡིན་ཞེས། ཡུལ་སྡེ་ཆེ་ཆུང་ ༣༠ ལྷག་ཙམ་གྱི་མི་མང་དང་། ནང་ཆེན་རྫོང་དང་རྫོང་གི་ཉེ་སར་ཡོད་པའི་མི་མངགྲངས་ ༤༠༠༠ ཙམ་གྱི་ཞུ་ཡིག་ལ་ས་རྟགས་བཀོད་ནས་སྲིད་གཞུང་ལ་ཕུལ་བར་བརྟེན།
ཕྱི་ཚེས་ ༡༠ ཉིན་གློད་བཀྲོལ་བཏང་སྟེ་མཁན་པོས་དགོན་པར་ཞལ་པར་ཕུལ་ནས་ཁོང་ཉིན་ཤས་རིང་ཆབ་མདོའི་ཉེན་རྟོག་པས་བཙན་བཀག་བྱས་སོང་ཞེས་གསུང་ཡོད་འདུག མཁན་པོ་ཀར་ཚེ་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ཁོང་དེ་སྔོན་ནས་རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་དང་། གལ་སྲིད་ཁོང་ནང་ཆེན་ནས་ས་མཚམས་བརྒལ་ནས་འགྲོ་དགོས་ཚེ་ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༩ ཉིན་ཁམས་ནང་ཆེན་རྟ་རྣ་དགོན་གྱི་མཁན་པོ་འགྱུར་མེད་ཚུལ་ཁྲིམས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁོང་གིས་བཀའ་བརྒྱུད་འཛམ་གླིང་ཞི་བདེའི་སྨོན་ལམ་སྐབས་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དགོས་ལུགས་དང་ཡ་རབས་བཟང་སྤྱོད་གལ་ཆེན་ཡིན་པ་སོགས་ཀྱི་གསུང་བཤད་གནང་བར་བརྟེན་ལྐོག་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་འཛིན་བཟུང་བྱས་རྗེས་རྟ་རྣ་དགོན་གྱི་དགེ་འདུན་པ་རྣམས་དང་སྡེ་པ་སོ་སོའི་འཐུས་མི་རྣམས་ཀྱིས་ཡུལ་ཤུལ་ཁུལ་གྱི་སྲིད་གཞུང་ལ་ཞུ་གཏུགས་བྱས་པར་བརྟེན་གནས་སྐབས་རིང་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། ཁོང་ལ་ཁུལ་དང་ཞིང་ཆེན་སོགས་ལ་སློབ་གསོ་ཉན་དུ་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། དེང་སྐབས་བོད་ནང་གི་ནང་ཆོས་དང་རིག་གཞུང་ལ་ཤ་ཞེན་ཆེ་བའི་མི་སྣ་མང་པོ་ཞིག་རྒྱ་གཞུང་གིས་རེ་རེ་བཞིན་འཛིན་བཟུང་བཙོན་འཇུག་དང་ལྐོག་གསོད་བྱེད་བཞིན་ཡོད་སྐོར་ཡང་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་།།