༢༠༡༣ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་བར་ཆིབས་སྒྱུར་གྱིས་ཡུལ་དེའི་སྲིད་བློན་སྐུ་ཞབས་སི་ཊི་ཕེན་ཧར་པར་ Prime Minister Stephen Harper མཆོག་དང་མཇལ་འཕྲད་མཛད་སྐབས། སྲིད་བློན་མཆོག་གིས་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་པར་དེ་ཤིའི་མངའ་སྡེ་ནས་བོད་མི་ཁག་གཅིག་ཁེ་ན་ཌར་གནས་སྤོ་ཆེད་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་རྗེས་སྐབས་དེའི་ཁེ་ན་ཌའི་མི་སེར་དང་ཕྱི་མི་གནས་སྤོ་དོ་དམ་ལས་ཁུངས་ Minister for Citizenship and Immigration ཀྱི་བློན་ཆེན་སྐུ་ཞབས་ཇེ་སན་ཀེ་ནི་ Jason Kenney མཆོག་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དང་ལྷན་ཕྱར་གྲུ་མཉམ་འདེགས་ཐོག་འབད་བརྩོན་བསྟུད་མར་གནང་འབྲས་སུ་བོད་མི་གནས་སྤོ་བྱ་རྒྱུའི་ལས་གཞི་མཇུག་སྐྱོང་ཐུབ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་ལས་གཞི་དེ་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཐེངས་འགའ་ཤས་ཚོགས་ཡོད། ཕྱོགས་མཚུངས་ཁེ་ན་ཌར་བོད་མི་གཞིས་སྤོ་བྱ་རྒྱུའི་ལས་གཞི་དེ་ཚགས་ཚུད་ཡོང་ཆེད་བོད་ཀྱི་ལས་འཆར་ཚོགས་ཆུང་ Project Tibet Society ཞིག་གསར་འཛུགས་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བརྒྱུད་ནས་འབྲེལ་ཡོད་གཞིས་ཆགས་ཀྱི་ཁྱིམ་ཚང་རེ་རེའི་ནང་མི་གྲངས་ཇི་ཡོད་ཀྱི་གྲངས་ཐོ་བསྡུ་རུབ་དང་། གཞིས་ཆགས་རེ་རེའི་གྲོང་སྡེ་སོ་སོའི་ནང་གི་མི་འབོར་ལ་གཞིགས་པའི་ས་མིག་བགོ་འགྲེམས་བྱ་རྒྱུའི་ལས་གཞི་ཡོངས་རྫོགས་ཐོག་འགན་ཁུར་ཞུས་ཡོད། མི་འགྲོ་གཏན་འབེབས་ཆེད་མིང་ཐོ་བསྡུ་རུབ་ཀྱི་རྒྱན་རྒྱག་ལམ་ནས་གཏོང་རྒྱུའི་ལས་གཞི་སོགས་གྲོང་སྡེའི་བརྒྱ་དཔོན་རྣམས་དང་བོད་ཀྱི་ལས་འཆར་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་ཉི་མ་རྡོ་རྗེ་ལགས་དང་སྐུ་ཞབས་མེཀ་ཌར་མོཌ་ Mr. Mc. Dermott ལགས། དེ་བཞིན་དིལླིར་རྟེན་གཞི་བྱས་པའི་ཁེ་ན་ཌའི་ཆེས་མཐོའི་གཞུང་ཚབ་ Canadian High Commission, New Delhi བཅས་ཀྱིས་མཉམ་རུབ་ཐོག་གནང་ཡོད།
གནས་སྤོ་བྱེད་མཁན་ཚོགས་ཁག་དང་པོའི་ནང་མི་གྲངས་ ༢༠༠ ཡོད་ཁོངས་ནས་མི་གྲངས་ ༡༧ ཁེ་ན་ཌར་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༩ རེས་གཟའ་པ་སངས་ཉིན་ཕེབས་འབྱོར་བྱུང་ཡོད། དེ་རྗེས་རིམ་བཞིན་ཚོགས་ཁག་གཉིས་པ་དང་གསུམ་པ་མགྱོགས་མྱུར་གཞིས་སྤོས་གནང་སྟེ་ཁྱོན་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོ་གནང་རྒྱུ་ཡིན་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་གསུང་དོན། ངོས་ཀྱིས་ཁེ་ན་ཌའི་སྲིད་གཞུང་དང་སྲིད་བློན་སྐུ་ཞབས་སི་ཊི་ཕེན་ཧར་པར་ Prime Minister Stephen Harper མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། ལྷག་པར་ཁེ་ན་ཌའི་མི་སེར་དང་ཕྱི་མི་གནས་སྤོ་དོ་དམ་ལས་ཁུངས་ Minister for Citizenship and Immigration ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་ཇེ་སན་ཀེ་ནི་ Jason Kenney མཆོག་གིས་གཙོས་བློན་ཆེན་ལས་ཐོག་པ་སྐུ་ཞབས་ཀི་རི་སི་ཨེ་ལེཀ་སི་ཛེན་ཌར་ Mr. Chris Alexander མཆོག་དང་། ཁོང་གི་ཕྱག་རོགས་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་རྒྱ་གར་གཞུང་དང་ཨ་རུ་ན་ཅལ་མངའ་སྡེའི་སྲིད་གཞུང་ནས་སྐུ་ངལ་འཛེམས་མེད་ཀྱིས་ལས་གཞི་འདིའི་འགན་ཁུར་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ངོས་ཀྱིས་ཁེ་ན་ཌར་བོད་མི་གཞིས་སྤོའི་ལས་འཆར་ཚོགས་ཆུང་ PTS དང་ཁེ་ན་ཌའི་འབྲེལ་ཡོད་ས་གནས་བོད་རིགས་ཚོགས་པ་གཉིས་ལའང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རུ་ན་ཅལ་པར་དེ་ཤི་ནས་ཁེ་ན་ཌར་གནས་སྤོ་གནང་མཁན་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་རོགས་ཞུ་རྒྱུ་དང་།
ཁེ་ན་ཌར་གནས་སྡོད་བོད་རིགས་སྤྱི་ཡོངས་དང་བོད་ཀྱི་གྲོགས་པོ་ཚང་མར་ལས་གཞི་འདིའི་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།།