༢༠༡༣ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ ནས་ ༡༧ བར་ཨ་རིའི་མེ་ནི་སོ་ཊ་Minnesota དང་ཝི་སི་ཀོན་སིན་གྱི་རྒྱལ་ས་མེ་ཌི་སོན། Madison ཀོ་ནེ་ཊི་ཀཊ། Connecticut ཝར་མོནྜ། Vermont ནིའུ་ཇར་སི་ (New Jersy) སོགས་མངའ་སྡེ་ཁག་གཅིག་དང་། དེ་བཞིན་ཆི་ག་གོ་ Chicago དང་ནིའུ་ཡོཀ་ (New York) གྲོང་ཁྱེར། གཞན་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ (Washington) བཅས་སུ་ཕེབས་ཏེ་བོད་རིགས་ཚོགས་པས་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་མཛད་སྒོར་མགྲོན་འབོད་ལྟར་མཉམ་ཞུགས་དང་འབྲེལ་བོད་རིགས་མང་ཚོགས་ལ་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་བཞིན་ཚོགས་གཙོ་མཆོག་གིས་མེ་ནི་སོ་ཊ་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་མ་ཟད། ཨ་རིའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་ (National Endowment for Democracy) གི་འགན་འཛིན་སྐུ་ཞབས་ཀལ་གྷར་ཤི་མེན་ Carl Gershman མཆོག་དང་འབྲེལ་ཡོད་ལས་བྱེད་རྣམ་པར་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཚོགས་གཙོ་མཆོག་གིས་ཐེངས་འདིར་ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ (RFA) དང་། ཨ་རི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁང་གི་ཀུན་གླེང་ (VOA) ལས་རིམ་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག གཞན་ཡང་ཚོགས་གཙོ་མཆོག་གིས་ཕྱི་ཚེས་ ༦ ཉིན་མེ་ནི་སོ་ཊ་མངའ་སྡེའི་མེ་ནི་པོ་ལི་སི་གྲོང་ཁྱེར་ནང་ཕེབས་འབྱོར་གྱིས་ཉིན་གྲངས་གཉིས་རིང་ཁུལ་དེར་མང་ཚོགས་ལ་གསུང་བཤད་ཀྱི་ལས་རིམ་སོགས་གྲུབ་རྗེས།
ཕྱི་ཚེས་ ༨ ཉིན་མེ་ནི་སོ་ཊ་ནས་ཆི་ག་གོར་ཕེབས་འབྱོར་གྱིས་ས་གནས་ཀྱི་ལས་རིམ་ཁག་མཇུག་བསྒྲིལ་ནས་མེ་ཌི་སོན་དུ་ཕེབས་ཐོན་གྱིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༩ ཉིན་མེ་ནི་སོ་ཊར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༤ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ཉིན་མོ་འཁེལ་གྱི་ཡོད་སྟབས། གོང་ཚེས་ཉིན་གྱི་སྔ་དྲོར་ཁུལ་དེར་རྟེན་གཞི་བྱས་པའི་མེ་ནི་སོ་ཊའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་དང་ལྷན་མཇལ་འཕྲད་གནང་འཆར་ཡོད་འདུག་པ་མ་ཟད། ཕྱེད་ཡོལ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག
ཚོགས་གཙོ་མཆོག་ཕྱི་ཚེས་ ༡༡ ཉིན་་མེ་ནི་སོ་ཊ་ནས་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་དེ་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་དང་ལྷན་ཉིན་གུང་གསོལ་ཚིགས་མཉམ་མཆོད་གྲུབ་བསྟུན། ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༣ ཉིན་ཀ་ནེཀ་ཊི་ཀ་ཊིར་ཕེབས་འབྱོར་གྱི་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་རྗེས་ཕྱི་ཚེས་ ༡༤ ཉིན་ཀོ་ནེ་ཊི་ཀ་ཊི་ནས་ནིའུ་ཡོཀ་ཏུ་ཕེབས་འབྱོར་གྱིས་ཁུལ་དེར་ཡོད་པའི་ཕུན་ཚོགས་བདེ་བཞི་ཚོགས་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༥ ཉིན་ནིའུ་ཡོཀ་ནས་ཝར་མོན་ཊིར་ཕེབས་འབྱོར་གྱིས་ཁུལ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་དང་མི་མང་ལ་ལམ་སྟོན་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༦ དང་ ༡༧ ཉིན་ས་གནས་ཀྱི་ལས་རིམ་ཁག་གྲུབ་རྗེས་ཕྱི་ཚེས་ ༡༧ ཉིན་ཕྱི་དྲོར་རྒྱ་གར་མ་ཧཱ་ར་ཤི་ཊ་མངའ་སྡེའི་རྒྱལ་ས་མུམ་བྷེར་ Mumbai ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།