༢༠༡༣ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༦ ཉིན། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་སློབ་དཔོན་ཆེན་མོ་པར་མཱནནྡཤརྨཱ་ (Prof.Parmananda Sharma)མཆོག་གི་མི་ཚེའི་ནང་ཤེས་ཡོན་དང་བརྩམས་ཆོས་ཀྱི་གྲུབ་འབྲས་ལ་ལེགས་སོའི་དགའ་སྟོན་མཛད་སྒོ་གོ་སྒྲིག་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེར་རྟེན་གཞི་བྱས་པའི་རྒྱ་གར་དབུས་གཞུང་གི་གཙུག་ལག་སློབ་གྲྭ་ཆེན་མོའི་ (Central University) ཉེ་བའི་རིགས་བདག་སྐུ་ཞབས་ཕར་ཀན་ཀ་མར་ (Vice Chancellor Furqan Qamar) མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཕེབས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་གཅིག་དང་གནད་ཡོད་མི་སྣ་སོགས་ཁྱོན་མི་གྲངས་ ༧༠ བརྒལ་བའི་དབུས་སུ་མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།
སློབ་དཔོན་ཆེན་མོ་པར་མཱནནྡཤརྨཱ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་ནས་འབོད་སྐུལ་ཞུས་པ་དེར་ཞལ་བཞེས་གནང་ནས་དེ་རིང་འདིར་ཕེབས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་དགའ་སྟོན་མཛད་སྒོ་འདིའི་ཐོག་ཉིན་འགའ་ཤས་རིང་བསམ་བློ་བཏང་བ་ཡིན། གང་ཡིན་བརྗོད་ན་ང་རང་ཝ་ར་ཎཱ་སིར་ལོ་ངོ་སུམ་ཅུའི་རིང་བསྡད་པ་ཡིན། ཝ་ར་ཎཱ་སི་ནི་རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་རྙིང་པ་ཞིག་ཡིན་པ་ཙམ་མ་ཟད།
དེང་སྐབས་ཁུལ་དེར་ཤེས་ཡོན་བསྟི་གནས་ཁང་ཧ་ཅང་མང་པོ་ཡོད། དེར་བརྟེན་ཤེས་ཡོན་གྱི་ཁོར་ཡུག་ཤུགས་ཆེ་ཆགས་ཡོད། ཤེས་ཡོན་གྱི་ཁོར་ཡུག་དེའི་ནང་མཁས་དབང་དང་སློབ་ཕྲུག་སོགས་སུས་ཀྱང་ཤེས་ཡོན་ཐོག་ཕྱག་ལས་གནང་ཡོད་ཀྱང་དེར་ངོས་འཛིན་གྱིས་གླེང་སློང་དང་ཆེ་བསྟོད་སོགས་ཞུ་སྲོལ་ཡོད། འོན་ཀྱང་རྡ་སར་ཤེས་ཡོན་གྱི་ཁོར་ཡུག་དེ་ཙམ་མེད། གལ་ཏེ་སློབ་དཔོན་ཆེན་མོ་པར་མཱནནྡཤརྨཱ་མཆོག་ཝ་ར་ཎཱ་སིར་བཞུགས་ཡོད་ཚེ་ཁོང་གི་ཆེད་རྩོམ་གནང་བའི་དཔེ་དེབ་རེ་རེའི་ཐོག་ཆེ་བསྟོད་བགྲོ་གླེང་། དེ་བཞིན་རྒྱང་སྲིང་རླུང་འཕྲིན་ཁག་གི་ནང་བགྲོ་གླེང་སོགས་ངོས་འཛིན་ཧ་ཅང་འཐོབ་རྒྱུ་རེད། ཕྱི་ལོ་ ༡༩༦༠ སྐབས་ང་ཚོ་འདིར་འབྱོར་སྐབས་རྡ་ས་འདི་བཞིན་ཤེས་ཡོན་གྱི་ཁོར་ཡུག་ཡག་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག འདིར་མངའ་སྡེའི་གཙུག་ལག་སློབ་གྲྭ་ཁག་ཡོད། འོན་ཀྱང་དེང་སྐབས་ཁོར་ཡུག་དེར་ཏོག་ཙམ་འགྱུར་བ་ཕྱིན་པའི་ཚོར་སྣང་བྱུང་། སྐུ་ཞབས་ཤརྨཱ་མཆོག་ནི་རྩོམ་པ་པོ་དང་སྙན་ངག་མཁན་། དེ་བཞིན་ལོ་ཙཱ་བ་སོགས་ཡིན། མི་གཅིག་ལ་ཁྱད་ཆོས་མང་པོ་འཛོམས་པ་དེ་འདྲ་དཀོན་པོ་ཡིན། ཁོང་ནས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་གཅིག་ཧིན་སྐད་ཐོག་ཕབ་བསྒྱུར་ཞུས་ཡོད། བོད་མི་སྐྱབས་བཅོལ་བ་ཚོར་ཆ་མཚོན་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་ཁག་གཅིག་མ་སུ་རི་ནས་རྡ་སར་ཐོག་མར་ཆིབས་སྒྱུར་བསྐྱངས་སྐབས་སློབ་དཔོན་ཆེན་མོ་ཤརྨཱ་མཆོག་ཀྱང་ཕེབས་བསུ་ཞུ་མཁན་གྲས་སུ་ཕེབས་ཡོད། སྐུ་ཞབས་ཤརྨཱ་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཐོག་མ་དེའི་སྔོན་གླེང་འབྲི་མཁན་རྒྱ་གར་གྱི་སྲིད་བློན་ཐོག་མ་པཎ་ཌི་ཏ་ནེ་རུ་ (Pandit Nehru) མཆོག་ཡིན། ཕྱོགས་མཚུངས་སྲིད་བློན་དམ་པ་ཨིན་དར་གྷན་དི་མཆོག་ནས་ཀྱང་རིག་པའི་གཞུང་ལུགས་ཐོག་འཆད་རྩོད་རྩོམ་གསུམ་གྱི་ཞབས་འདེགས་དེ་ཙམ་ཞུས་མེད་ཀྱང་ཤེས་ཡོན་བསྟི་གནས་ཁང་གསར་འཛུགས་ཐོག་ཧ་ཅང་དོ་དབྱིངས་ཆེན་པོ་གནང་མཁན་ཞིག་ཡིན། དེར་བརྟེན་ཝར་ཎཱ་བོད་ཀྱི་མཐོ་སློབ་ཁང་དང་། སྒང་ཏོག་ཏུ་མཐོ་སློབ། དེ་བཞིན་ལ་དྭགས་མཚན་ཉིད་སློབ་གྲྭ་སོགས་གསར་འཛུགས་ཆེད་སྲིད་བློན་དམ་པ་མཆོག་གིས་རོགས་རམ་ཧ་ཅང་གནང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཧི་མཱ་ཅམ་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་མཆོག་གིས་སློབ་དཔོན་ཆེན་མོ་ཤརྨཱ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་རྟགས་ཕུལ་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བརྩེ་སེམས། (The Good Heart) ཞེས་པའི་ཕྱག་དེབ་བོད་སྐད་ཐོག་ཡོད་པ་སློབ་དཔོན་ཆེན་མོ་ཤརྨཱ་མཆོག་གིས་ཕབ་བསྒྱུར་ཞུས་པ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་། དེ་ནས་སློབ་དཔོན་ཆེན་མོ་ཤརྨཱ་མཆོག་གིས་གསུང་བཤད་གནང་བསྟུན་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་མཐར་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
དེ་ཡང་བོད་ཀྱི་དཔེ་མཛོད་ཁང་ནས་སྤེལ་བའི་གསར་འགོད་གསལ་ནང་འཁོད་དོན། སློབ་དཔོན་ཆེན་མོ་ཤརྨཱ་ཁོང་ནི། ཤེས་ཡོན་ཅན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། རྩོམ་པ་པོ་དང་། སྙན་ངག་མཁན། སྐད་རིགས་སྨྲ་བ། ལོ་ཙཱ་བ། སྣེ་ཁྲིད་པ། འཐབ་རྩོད་པ། རྩེད་སྣར་མཁས་པ་ཞིག་ཀྱང་ཡིན་པས་དེང་གི་འཇིག་རྟེན་འདིར་ཁོང་འདྲ་བའི་སྣ་འཛོམས་རང་བཞིན་ཅན་གྱི་མི་སྣ་ཧ་ཅང་དཀོན་པར་སྣང་། ཁོང་ནི་སྤྱི་ལོ་ ༡༩༦༧ ལོར་༸གོང་ས་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་མཛད་པ་ནས་བཟུང་། ད་བར་བོད་ཀྱི་དཔེ་མཛོད་ཁང་གི་མདུན་སྐྱོད་དང་ཡར་རྒྱས་ལ་ཞབས་འདེགས་མི་ཉུང་བ་ཞུས་གནང་ཡོད། དེར་བརྟེན་བོད་ཀྱི་དཔེ་མཛོད་ཁང་གིས་ཁོང་ལ་ཆེ་བསྟོད་ཀྱི་མཛད་སྒོ་འདི་དགའ་སྤོབས་ངང་འཚོགས་རྒྱུ་ཡིན། ཞེས་འཁོད་པ་བཅས།།