༢༠༡༣ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༣ ཉིན། ཡུལ་ཤུལ་ལྡན་མ་ཟིལ་དཀར་དགོན་པའི་གྲྭ་བསོད་ནམས་ཤེས་རབ་ལགས་ཟི་ལིང་གི་བཙོན་ཁང་ཞིག་ནས་གློད་བཀྲོལ་ཐོབ་སྟེ་ཕྱིར་རང་དགོན་དུ་ལོག་སྐབས་ས་གནས་མང་ཚོགས་ཀྱིས་མཇལ་དར་བསྒྲོན་ཏེ་དགའ་བསུ་ཆེན་པོ་བྱས་ཡོད་འདུག
དེ་ཡང་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན། རྒྱ་གཞུང་གིས་ཡུལ་ཤུལ་ལྡན་མ་ཟིལ་དཀར་དགོན་གྱི་གྲྭ་ཚུལ་ཁྲིམས་སྐལ་བཟང་སོགས་འཛིན་བཟུང་བྱེད་སྐབས་གྲྭ་བསོད་ནམས་ཤེས་རབ་ལགས་ཀྱིས་ཁ་པར་ནང་པར་ལེན་བྱེད་བཞིན་ཡོད་པ་མཐོང་སྟེ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་ཕྱི་ལོགས་སུ་གཏོང་མཁན་ཡིན་པའི་ཉེས་མིང་འོག་ཁོང་ཡང་འཛིན་བཟུང་བྱས་ཏེ་ལོ་ ༢ ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཟི་ལིང་ངལ་རྩོལ་བསྒྱུར་བཀོད་བཙོན་ཁང་དུ་དགོན་པ་དེའི་གྲྭ་བསོད་ནམས་དགེ་བ་དང་བསོད་ནམས་དབྱིག་གཉེན། བློ་བཟང་ཉི་མ། བསྟན་འཛིན་ཤེས་རབ་སོགས་དང་མཉམ་དུ་བཅུག་ཡོད་འདུག
ད་ལོའི་ཕྱི་ཟླ་ ༥ པ་ཡས་མས་སུ་ངལ་རྩོལ་བསྒྱུར་བཀོད་ར་བ་མེད་པར་གཏོང་སྐབས། བཙོན་གྲོགས་གྲྭ་པ་གཞན་རྣམས་གློད་བཀྲོལ་བཏང་ཡོད་ཀྱང་གྲྭ་བསོད་ནམས་ཤེས་རབ་གློད་བཀྲོལ་བཏང་མི་འདུག གནས་ཚུལ་གང་ཡིན་གསལ་ཁ་མེད་པར་ཟླ་ ༤ ལྷག་ལ་བཀག་ཉར་བྱས་རྗེས་ཟླ་འདིའི་ཚེས་ ༢༣ ཉིན་གློདབཀྲོལ་ཐོབ་སྟེ་ཕྱིར་རང་དགོན་དུ་ལོག་ཡོད་ཅིང་། སྐབས་དེར་ས་གནས་མི་མང་ཚོས་ཁོང་ལ་མཇལ་དར་བསྒྲོན་ཏེ་དགའ་བསུ་ཆེན་པོ་བྱས་ཡོད་འདུག