༢༠༡༣ ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༠ བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཕྲུག་ཁྱིམསྡེ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཁྱབ་སློབ་གྲྭ་ཁག་གི་སློབ་དགེ་སོགས་ཁྱོན་མི་གྲངས་ ༣༨ ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པ་དབུ་འཛུགས་ཐོག་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༧ པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་གནང་བའི་ཕྱག་རོགས་ཁྲིམས་ཞིབ་པ་རྣམ་པ། ས་གནས་ཁྲིམས་ཞིབ་པ་རྣམ་པ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་ལས་ཚབ། སྦྱོང་བརྡར་བ་སློབ་གྲྭ་ཁག་གི་སློབ་དགེ་དང་ལས་བྱེད་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་གཙོས་པའི་ལས་བྱེད་རྣམ་པ་བཅས་ཚང་མར་ངས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ང་རང་སྒེར་གྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དུས་ཚོད་ཀྱི་ཆ་ནས་དབུ་འབྱེད་མཛད་སྒོར་གཏམ་བཤད་རིང་པོ་ཞུ་རྒྱུ་མིན། ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་འོག བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་བཟང་པོ་དབུ་འཛུགས་བཀའ་དྲིན་བསྐྱངས་བ་ནས་འདས་པའི་ལོ་ངོ་ ༥༣ རིང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལེགས་བཅོས་རིམ་པ་མཛད་དེ། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་དངོས་སུ་དབུ་འཛུགས་གནང་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གང་ཟག་གི་དབང་སྒྱུར་མིན་པར་ཁྲིམས་ཀྱིས་དབང་སྒྱུར་གྱི་ནུས་པ་གོང་མཐོར་འགྲོ་ཐབས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༦༧ པའི་ཆ་རྐྱེན་འོག
༡། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་།
༢། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག
༣། དཔང་རྟགས་ཁྲིམས་ཡིག་བཅས་ཁྲིམས་དེབ་གསུམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་གྱིས་ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ཆོག་མཆན་བཀའ་འཁྲོལ་ཕྱག་རྟགས་རིན་པོ་ཆེ་སྩལ་སྨིན་བྱུང་སྟེ་ཁྲིམས་ཡིག་ཏུ་གཏན་ལ་ཕབ་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཡུལ་དུས་གནས་བབ་ཀྱི་དབང་གིས་ཐོག་མར་རྒྱ་གར་དང་བལ་ཡུལ་ཁུལ་བོད་མིའི་གཞིས་ཆགས་དང་ཁ་འཐོར་འདུས་སྡོད་ཁག་ཏུ་ཁྲིམས་ཡིག་དགོངས་དོན་ས་གནས་འགོ་འཛིན་སོ་སོར་ས་གནས་ཁྲིམས་ཞིབ་པའི་འགན་ཁུར་གཅིག་ལྕོགས་བསྐོ་འཛུགས་གནང་བ་དེ་ལྟར་ཡང་།
ཕྱི་ལོ་ ༢༠༠༡ ལོར་རྒྱ་གར་བྱང་ཕྱོགས་ཁུལ་མངའ་སྡེ་ཡུ་སྤི་དང་། ཨུ་ཏར་ཁན། ཧི་མ་ཅལ། རྒྱལ་ས་ལྡི་ལི། ཅན་དྷི་གྷར་བཅས་སུ་གནས་འཁོད་བོད་མིའི་གཞིས་ཆགས་དང་ཁ་འཐོར་འདུ་སྡོད་ཁག་གི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཕྱིར་བསྡུ་གནང་སྟེ། བདེ་སྐྱིད་གླིང་གཞིས་ཆགས་སུ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཟུར་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ ༥ དང་ཁ་འཐོར་འདུ་སྡོད་ཁག་གི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཁག་ཕྱིར་བསྡུ་གནང་སྟེ། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།
ཕྱི་ལོ་ ༢༠༡༢ ལོར་ལ་དྭགས་བསོད་ནམས་གླིང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཕྱིར་བསྡུ་གནང་སྟེ། ལ་སྤྱིའི་ཁྱབ་ཁོངས་གཞིས་ཆགས་དང་ཁ་འཐོར་འདུས་སྡོད་ཁག་དང་། འཇའ་མུ་ཀ་སི་མིར་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་ཆེད་དུ་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། རྒྱ་གར་དབུས་དང་ཤར་ཕྱོགས་མངའ་སྡེ་ཁག་ ༧ ནང་གནས་འཁོད་བོད་མིའི་གཞིས་ཆགས་དང་ཁ་འཐོར་འདུ་སྡོད་ཁག་གི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཁག་ཕྱིར་བསྡུ་གནང་སྟེ། འབྲས་ལྗོངས་ལྷོ་ཕྱོགས་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་ཟུར་འཛུགས་གནང་ཐུབ་པ་བྱུང་ཡོད། ཡིན་ནའང་། བལ་ཡུལ་ཁུལ་ཆབ་སྲིད་གནས་སྟངས་ཀྱི་ཆ་ནས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཟུར་འཛུགས་བྱ་རྒྱུ་དཀའ་ངལ་འཕྲད་གཞིར་བརྟེན། གནས་སྐབས་རིང་སྔོན་ལམ་ལྟར་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ ༤ རང་འཇགས་བཞག་ཡོད་པ་དང་། སུད་སི་གཅིག་ལྕོགས་ས་གནས་ཁྲིམནས་ཞིབ་ཁང་ཡང་སྔར་སོར་བཞག་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྩ་འཛིན་ཁྲིམས་ཡིག་གཏན་འབེབས་གནང་རྗེས། འདས་པའི་ལོ་ངོ་ ༡༧ ཙམ་ནང་རྒྱ་བལ་ཁུལ་གནས་འཁོད་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་རྒྱུའི་ལས་འཆར་རིམ་པ་གོ་སྒྲིག་གནང་བ་མ་ཟད། ས་གནས་འགོ་འཛིན་དང་ལས་བྱེད་རྣམས་ལ་ཁྲིམས་ལུགས་སྦྱོང་བརྡར་རིམ་པ་གནང་ཡོད་ནའང་། བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་འདོད་པ་ཁེངས་པ་ཞིག་ཡོང་མིན་དང་
ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཡར་རྒྱས་འགྲོ་ཐབས་སུ། རྒྱ་གར་དང་བལ་ཡུལ་ནང་བོད་མིའི་གཞིས་ཆགས་དང་སྡོད་སྒར་ཁག་ཏུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་བྱ་དགོས་ཧ་ཅང་གལ་གནད་ཆེ་བར་བརྟེན། ཕྱི་ལོ་ ༢༠༡༠ ནས་བཟུང་རྒྱ་གར་ནང་ས་གནས་ཁྲིམས་ཞིབ་ཁང་ ༤ དང་། བལ་ཡུལ་ཁུལ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ ༤ བཅས་ཀྱི་ཁྱབ་ཁོངས་གཞིས་ཆགས་དང་ཁ་འཐོར་བོད་མིའི་འདུ་སྡོད་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་བཅས་ལ་བཙན་བྱོལ་བོད་མིིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༥ སྤྲད་ཟིན་པའི་ཁོངས་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་ཞུ་ཐོབ་བྱུང་བ་གྲངས་ ༡༠༦ དང་། དེ་སྔ་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་དང་པོའི་སྐབས་ཁྲིམས་རྩོད་པ་གྲངས་ ༡༢ བཅས་བསྡོམས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་རྩོད་པ་གྲངས་ ༡༡༨ སྐྱེད་སྲིང་ཐུབ་པ་བྱུང་ཡོད་པ་དེས་བཙན་བྱོལ་སྤྱི་ཚོགས་ནང་ཁ་མཆུ་ཞུ་གཏུག་གི་བྱ་རིམ་ལ་ཕན་ཐོགས་ངེས་ཅན་བྱུང་ཡོད། བོད་མིའི་ཁྲིམས་རྩོད་པ་དེ་དག་གིས་རང་རེའི་སྤྱི་ཚོགས་ནང་ཁྲིམས་རྩོད་པའི་འགན་ཁུར་བྱ་རྒྱུ་དང་། བོད་མིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་མི་ཤེས་མཁན་ཚོར་ལམ་སྟོན་དང་ཞུ་སྙན་བཟོ་རྒྱུའི་མཚོན་རོགས་ཕན་བྱས་དང་བྱེད་མུས་སུ་ཡོད།
བོད་དོན་བདེན་མཐའ་མ་གསལ་བ་ལ་བོད་མིའི་སྒྲིག་འཛུགས་འདི་ཡུན་གནས་དགོས་པ་དང་། སྒྲིག་འཛུགས་ཡུན་གནས་ཡོང་བ་ལ་ཁྲིམས་ཀྱིས་དབང་བསྒྱུར་མེད་ཐབས་མེད་ཅིང་། བོད་མིའི་ཁྲིམས་ལུགས་ཚུལ་བཞིན་ལག་བསྟར་ཐུབ་ཐབས་སུ། རྒྱ་ཆེ་མང་ཚོགས་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་གཞི་ཁག་གི་གནས་སྟངས་དང་ཁ་མཆུ་ཞུ་གཏུག་གི་བྱ་རིམ་གསལ་པོ་ཤེས་དགོས་གལ་ཆེ་ཡིན་པར་སོང་། ད་ཐེངས་སློབ་གྲྭ་ཁག་ནང་ཡོད་པའི་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་བོད་མིའི་ཁྲིམས་ལུགས་ཀྱི་ཤེས་བྱ་གོང་མཐོང་གཏོང་དགོས་དུས་ཀྱི་དགོས་མཁོ་གལ་ཆེ་ཞིག་ཡིན་པར་ངོས་འཛིན་གྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སློབ་གྲྭ་ཁག་གི་དགེ་ལས་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༧ འདི་གོ་སྒྲིག་ཞུས་པ་ཡིན་ལ། དེ་རིང་ནས་བཟུང་ཉིན་གྲངས་ ༡༠ རིང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གསུམ་གཙོས་པའི་ཁྲིམས་སྒྲིག་ཁག་སློབ་ཁྲིད་གནང་རྒྱུ་དང་། ད་རེས་སྦྱོང་བརྡར་གྱི་སློབ་ཁྲིད་གནང་མཁན་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། ས་གནས་ཁྲིམས་ཞིབ་པ་རྣམ་པ་ ༤ བཅས་ཡིན།
སྦྱོང་བརྡར་སློབ་ཚན་ཁོངས་ཁ་མཆུ་ཞུ་གཏུག་གི་བྱ་རིམ་ལ་དགོས་མཁོ་ཆེ་བའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནི་སློབ་ཚན་གཙོ་བོ་ཡིན། འདས་པའི་ཉམས་མྱོང་ལ་གཞིགས་ན་སློན་ཐུན་སོ་སོར་དྲི་བ་དྲི་ལན་གྱི་དུས་ཚོད་འདང་མིན་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ད་རེས་སྦྱོང་བརྡར་ལས་རིམ་ནང་གསལ་ཉིན་ ༦ པ་ཕྱི་ལོ་ ༢༠༡༤།༡།༡ ཉིན་གྱི་སློབ་ཐུན་ ༤ པ་དང་། ཉིན་ ༧ པ་ཕྱི་ལོ་ ༢༠༡༤།༡།༢ ཉིན་སློབ་ཐུན་ ༤ ཆ་ཚང་སློབ་ཁྲིད་པ་སོ་སོའི་གཙོ་སྐྱོང་འོག་སློབ་ཚན་སོ་སོར་དྲི་བ་དྲིས་ལན་གྱི་དུས་ཚོད་ཟུར་བཅད་ཞུས་ཡོད། དེ་བཞིན་སྦྱོང་བརྡར་ལས་རིམ་ནང་གསལ་ཉིན་ ༨ པ་དང་ ༩ པ་ཉིན་གཉིས་རིང་ཁ་མཆུ་ཞུ་གཏུག་བྱེད་སྟངས་དམར་ཁྲིད་སྦྱོང་བརྡར་གནང་རྒྱུ་ཡིན།
སློོབ་གྲྭ་ཁག་གི་དགེ་ལས་རྣམ་པར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་གོང་ཞུས་ལྟར།
༡༽ སྦྱོང་བརྡར་རྣམ་པས་ལས་འགན་གཙོ་བོ་དེ་ཁུངས་སོ་སོའི་སློབ་གྲྭའི་ནང་དགེ་ལས་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་རྒྱུན་དུ་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་དགོས་པ་དང་།
༢༽ ཉེ་ཁུལ་རང་རིགས་སུ་རུང་ལ་ཁ་མཆུ་ཞུ་གཏུག་ཀྱི་དཀའ་ངལ་འཕྲད་དེ་ལམ་སྟོན་དང་ཡིག་འབྲི་ཞུ་སྐུལ་བྱུང་རིགས་ལ་རོགས་སྐྱོར། དམིགས་བསལ་རང་རིགས་ཉམ་ཐག་དང་ཡིག་རྨོངས་ལ་སྤྱི་ཚོགས་ཞབས་ཞུའི་ཚུལ་དུ་རོགས་སྐྱོར་གནང་ཐུབ་ན། བཙན་བྱོལ་སྤྱི་ཚོགས་ནང་ཁྲིམས་ཀྱིས་དབང་སྒྱུར་གྱི་ནུས་པ་གོང་མཐོར་འགྲོ་བའི་ཞབས་འདེགས་རླབས་ཆེན་འགྲུབ་ཀྱི་ཡོད་སྟབས། མཐུན་འགྱུར་གནང་ཕྱོགས་ངེས་པར་དུ་དགོངས་པ་བཞེས་གལ།
༣༽ སོ་སོའི་སློབ་གྲྭས་ཁ་མཆུ་ཞུ་གཏུག་བྱ་དགོས་བྱུང་སྟེ། སློབ་གྲྭའི་འཛིན་སྐྱོང་ནས་ལས་འགན་བཀོད་སྒྲིག་གནང་ན་ཁྲིམས་རྩོད་པའི་འགན་ཁུར་བཞེས་རྒྱུ། སློབ་གྲྭའི་སྒྲིག་ཁུངས་སུ་ཡོད་སྐབས་ཕྱི་ལོགས་ཀྱི་ཁ་མཆུའི་ཁྲིམས་རྩོད་པའི་བྱ་བ་གནང་བདེ་མེད་ནའང་། མ་འོངས་པར་སློབ་གྲྭའི་སྒྲིག་ཁོངས་ནས་ཕྱིར་ཐོན་མཚམས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལས་འགན་འགྲུབ་ཐུབ་བའི་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད།
སྦྱོང་བརྡར་གྱི་ལས་རིམ་ཐོག་མ་འཆར་སྒྲིག་སྐབས། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ ཉིན་བར་གསེང་འཇོག་རྒྱུའི་འཆར་གཞི་ཡིན་ཡང་། ཤེས་རིག་ཚོགས་ཆེན་དུ་ཚོགས་བཅར་མཁན་རྣམས་ཕྱི་ཚེས་ ༦ ཉིན་འབྱོར་ཐོ་འགོད་དགོས་སྟབས། བར་གསེང་ཕྱིར་བསྡུ་གནང་སྟེ་ཉིན་ ༡༠ རིང་སྦྱོང་བརྡར་མུ་མཐུད་གོ་སྒྲིག་ཞུ་རྒྱུ་ཡིན་པས། རྣམ་པ་ཚོར་ཕྲན་བུའི་སྐུ་ངལ་ཆེ་ཙམ་ཡོང་ངེས་ལ་དགོངས་སེལ་ཞུས་པ་དང་སྦྲགས་སྦྱོང་བརྡར་དུས་ཡུན་རིང་རྣམ་པ་ཚོ་རྟག་བཅར་ཐུབ་པ་དང་། སློབ་ཁྲིད་གང་གནང་བ་རྣམས་གསལ་པོ་མཁྱེན་རྟོགས་ཐུབ་པའི་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་སྦྱོང་བརྡར་འདི་སློབ་གྲྭ་སོ་སོའི་ལས་རིམ་དང་། གཞུང་གྲོན་བསྲི་ཚགས་བཅས་ཀྱི་གནས་བབ་ལ་གཞིགས་ཏེ། ཤེས་རིག་ཚོགས་ཆེན་དང་སྟབས་བསྟུན་གྱིས་གོ་སྒྲིག་ཞུས་པ་ཡིན། སྦྱོང་བརྡར་བ་རྣམ་པ་མང་ཆེ་བ་ས་ཐག་རིང་པོ་ནས་ཕེབས་དགོས་བྱུང་བ་མ་ཟད། ལྷན་རྒྱས་ཚང་མ་ཐུགས་ཁུར་ཆེན་པོས་སྒོ་ནས་དུས་ཐོག་ཕེབས་ཞུགས་ཐུབ་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་སྐུ་ངལ་འཕྲད་རིགས་སྤྱི་ཁྱབ་ཁྲིམས་དྲུང་དང་འབྲེལ་ཡོད་ལས་བྱེད་རྣམ་པར་འབྲེལ་བ་གནང་རོགས།
ང་ཚོས་སྦྱོང་བརྡར་བ་རྣམ་པར་སྦྱོང་བརྡར་ལས་རིམ་དང་། ཁྲིམས་དེབ་གསུམ། ཁྲིམས་རྩོད་པའི་ཁས་ལེན་དམ་ཡིག ཁྲིམས་རྩོད་པའི་དེབ་འགོད་སྙན་ཞུ། གཞན་ཟུར་སྣོན་ཡིག་དང་རྒྱུན་མཁོའི་ཡིག་ཆ་ཁག་ཕུལ་ཡོད་པར་ཐུགས་ཞིབ་གནང་དགོས།
མཐའ་དོན། ད་རེས་ཀྱི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་རྩོད་པའི་སྦྱོང་བརྡར་ཐེངས་ ༧ པ་འདི་བཞིན་ལས་རིམ་ལྟར་འགྲོ་ཐུབ་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་།
ཐུགས་ཀྱི་བཞེད་དགོངས་མཐའ་འབད་མེད་ལྷུན་གྱི་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་དུས་བཟང་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།