༢༠༡༣ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས་ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་ཨོ་སི་ཊི་རི་ཡའི་ Austria རྒྱལ་ས་ཝི་ཡ་ནའི་ Vienna ནང་ཡུལ་དེར་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱ་རྒྱུ་ནི་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་རྒྱུན་རིམ་ནང་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པ་དང་། བོད་རིགས་ཚོགས་པ་དེ་དག་གིས་བཙན་བྱོལ་བོད་མི་རྣམས་ཀྱི་ཆིག་སྒྲིལ་ལ་ཧ་ཅང་ཕན་ཐོགས་ཡོད་པ་མ་ཟད། བཀའ་བློན་མཆོག་རང་ཉིད་དགུང་གྲངས་ ༤ ཙམ་སྐབས་ནས་ཁེ་ན་ཌའི་ Canada གྲོང་ཁྱེར་མོནྜ་རེལ་ Montreal ནང་འཚར་ལོངས་བྱུང་བའི་ཉམས་མྱོང་གི་བརྒྱུད་རིམ་འགྲེལ་བརྗོད་གནང་བ་བརྒྱུད་བོད་རིགས་རྣམས་མཉམ་རུབ་ཐོག་གནས་རྒྱུ་ནི་བོད་མིའི་ངོ་བོ་གསོན་པོར་གནས་རྒྱུར་ཞབས་འདེགས་ཧ་ཅང་སྒྲུབ་བཞིན་ཡོད་པ་གསུངས་པ་མ་ཟད། ས་གནས་བོད་མི་ཚོས་བོད་དོན་འཐབ་རྩོད་ལ་མུ་མཐུད་ནས་སྙིང་སྟོབས་ཞུམ་མེད་ཀྱིས་ལས་འགུལ་འདྲ་མིན་ནང་ཆ་ཤས་ལེན་དགོས་པ་དང་། བོད་མི་མི་རེ་ངོ་རེར་གཞུང་དང་གྲོས་ཚོགས་འཐུས་མི། གསར་འགྱུར་བརྒྱུད་ལམ།
དེ་བཞིན་ཕྱི་རྒྱལ་མང་ཚོགས་བཅས་ལ་བོད་མིའི་འཐབ་རྩོད་སྐོར་ངོ་སྤྲོད་གནང་རྒྱུའི་འགན་ཡོད་སྐོར་གསུངས། གཞན་ཡང་སྐབས་དེར་བཀའ་བློན་མཆོག་གིས་རང་ཉིད་མཐོ་སློབ་ཐོན་རྗེས་བོད་དང་རྒྱ་ནག་ནང་དུ་ལོ་དགུ་རིང་ལས་ཀ་དང་སློབ་སྦྱོང་གནང་ཡོད་པ་དང་། བོད་ནང་བཞུགས་སྐབས་རྒྱ་ནག་གི་སྲིད་བྱུས་འོག་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཡོད་པ་དངོས་སུ་ཉམས་མྱོང་ར་སྤྲོད་བྱུང་ཡོད་པ་དང་བོད་མི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་གནད་དོན་སེལ་རྒྱུར་ཡིད་ཆེས་བློ་འགེལ་ཞུ་བཞིན་ཡོད་སྐོར་གསུངས་ཡོད།
ཕྱོགས་མཚུངས་སྐབས་དེར་བཀའ་བློན་མཆོག་གིས་དེང་སྐབས་བོད་ནང་དུ་བོད་མི་ ༡༢༢ ཡིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གནས་སྟངས་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས་སྲིད་སྐྱོང་བློ་བཟང་སེང་གེས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་དཀའ་ངལ་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་ཡོད་པ་དང་། སྲིད་བྱུས་འདི་ནི་བོད་མི་མང་ཚོགས་དང་གྲོས་ཚོགས་གཉིས་ཀས་མང་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྐོར་གསུངས།
གཞན་ཡང་ཐེངས་འདིར་ཕྱི་དྲིལ་བཀའ་བློན་མཆོག་གིས་ཡུ་རོབ་ནང་གཞུང་འབྲེལ་སྐོར་བསྐྱོད་སྐབས་གསར་འགོད་པ་དང་མི་སྣ་མཇལ་འཕྲད་སོགས་ཀྱི་སྐབས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་ཆོད་སེམས་བརྟན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཀྱིས་རྒྱ་ནག་གཞུང་དང་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་ཞི་མོལ་བྱེད་ཕྱོགས་དེའང་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེར་འཛིན་བཞིན་ཡོད་པའི་སྲིད་བྱུས་གཙོ་བཟུང་བྱེད་བཞིན་ཡོད་པ་གསལ་བཤད་གནང་ཡོད། ཕྱི་དྲིལ་བཀའ་བློན་ཡུལ་དེར་ཐེངས་དང་པོར་ཕེབས་པའི་གནས་ཚུལ་དེ་ཡུལ་དེའི་གསར་ཤོག་གྲགས་ཅན་ཀོ་རོ་ནན་ཛེ་ཏུང་ Kronen Zeitung དང་། ཀོ་རི་ཡར་དང་ཌི་པེ་རེ་སི་ Kurier and Die Presse སོགས་གསར་ཤོག་མང་པོའི་ནང་གནས་ཚུལ་ཐོན་ཡོད། ཕྱི་ཚེས་ ༣༠ ཉིན་བཀའ་བློན་མཆོག་ཨི་ཊ་ལིར་ཕྱོགས་ཕེབས་གནང་ཡོད་པ་བཅས།།