༢༠༡༣ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར་ཉིན་ཕ་རན་སིའི་སྐུ་ཚབ་དོན་ཁང་ Bureau du Tibet གིས་གོ་སྒྲིག་འོག་ཡུལ་དེའི་མོན་ཊོར་ཤུར་ལེ་ལོ་རེ་ Montoire sur le Loire ཞེས་པའི་གྲོང་སྡེ་ལྷན་ཚོགས་ཀྱི་མེ་ཌི་ཐི་ Mediatheque ཞེས་པའི་དཔེ་མཛོད་ཁང་ཞིག་ཏུ། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ། ཞེས་པའི་བོད་དོན་སྐོར་གྱི་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་མཐུན་འགྱུར་གནང་བའི་བོད་དོན་པར་རིགས་ཁག་མི་འདྲ་བ་ ༣༠ ཡོད་པའི་ནང་། རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་སྔོན་དུ་བོད་ནང་གི་གནས་སྟངས་སྐོར་དང་། བཙན་འཛུལ་སྐབས་ཀྱི་གནས་སྟངས། དེ་རྗེས་རྒྱ་ནག་གཞུང་གིས་བོད་ནང་རྙིང་བཞི་རྩ་གཏོར་ཟེར་བའི་བོད་ཀྱི་ལྷ་ཁང་དང་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་མེར་སྲེག་བཏང་བ་སོགས་དང་། བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་སྲིད་བྱུས་ཁག་ལག་བསྟར་བྱེད་ཚུལ། མཐར་༸གོང་ས་མཆོག་རྒྱ་གར་ནང་སྐྱབས་བཅོལ་དུ་ཆིབས་སྒྱུར་བསྐྱངས་ཚུལ་སོགས་ཀྱི་པར་རིགས་ཡིན་འདུག
དབུ་འབྱེད་མཛད་སྒོའི་སྐབས་ཕ་རན་སིའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་ནང་གི་དེང་སྐབས་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་མ་ཟད། ཚོགས་བཅར་བ་ཕ་རན་སིའི་མི་མང་ ༡༠༠ ལྷག་འདུ་འཛོམས་བྱུང་བ་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་སོགས་གནང་ཡོད། གཞན་ཡང་སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་། དཔེ་མཛོད་ཁང་གི་འགན་འཛིན་མཆོག་བཅས་མཉམ་ཞུགས་གནང་ཡོད། དེ་བཞིན་སྐབས་དེར་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ “Tibet: A story of a Tragedy” ཞེས་པ་ཞིག་བསྟན་ཡོད། འགྲེམས་སྟོན་འདི་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༡ པར་གནང་རྒྱུ་ཡིན་འདུག