༢༠༡༣ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། བཀའ་ཟུར་ཀིརྟི་རིན་པོ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དང་སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། དེ་རིང་འདིར་དམིགས་བསལ་ཤེས་རིག་ལས་ཁུངས་བརྒྱུད་ནས་མ་འོངས་སོན་རྩ་དང་འགོ་ཁྲིད་སྐོར་ཉིན་བརྒྱད་རིང་གི་ཟབ་སྦྱོང་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་སུམ་བརྒྱ་ལྷག་ཡོད་སླེབས་ཡོད་པ་རེད། ཅེས་ཞུ་རྒྱུ་ཡིན། བློ་ཕམ་དགོས་པ་ཞིག་ལ་ང་ཚོ་འདི་གར་འཛོམས་དགོས་དོན་ནི། བླ་བྲང་ཨ་མཆོག་ནས་ཡིན་པའི་རང་ལོ་ ༤༤ ལ་སོན་པའི་དགེ་འདུན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༢༤ བྱུང་ཡོད། ཕྱི་ལོ་ ༢༠༠༩ ལོར་གཅིག་དང་། ༢༠༡༡ ལོར་བཅུ་གཉིས། ༢༠༡༢ ལོར་བརྒྱད་ཅུ་གྱ་ལྔ། ༢༠༡༣ ལོར་ཉི་ཤུ་རྩ་ལྔ་བྱུང་འདུག དུས་ནས་དུས་སུ་ཞུས་ཀྱི་ཡོད། འདི་གྲངས་ཀ་ཙམ་མིན། བོད་མི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་བ་ཡིན་པར་བརྟེན། ང་ཚོས་ཁོང་རྣམ་པའི་རང་སྲོག་བློས་གཏོང་གནང་བ་དེ་མ་བརྗེད་པར་ཁོང་རྣམ་པའི་མངོན་འདོད་བསྒྲུབ་རྒྱུར་འབད་བརྩོན་གནང་དགོས། དེ་བཞིན་དེ་རིང་གི་ཉིན་མོ་འདི་དགའ་ལྡན་ལྔ་མཆོད་འཁེལ་ཡོད། ཚང་མས་མཁྱེན་གསལ་ལྟར་རྗེ་རིན་པོ་ཆེའི་འདས་མཆོད་ཀྱི་ཉིན་མོ་རེད།
ཕྱོགས་གཅིག་ནས་དེ་རིང་དུས་ཚོད་བཟང་པོ་ཡིན་པར་བརྟེན། དཀར་ཕྱོགས་ཀྱི་ལས་དོན་དང་མཆོད་འབུལ་བྱེད་རྒྱུའི་དུས་ཚོད་ཆགས་ཀྱི་ཡོད། ད་བར་བོད་སྤྱི་པའི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་དང་། དེ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱིས་གཙོས་ཁོང་རྣམ་པའི་ནང་མི་སྤུན་ཉེ། དེ་བཞིན་བཙན་བྱོལ་ནང་གི་མི་ཐོག་རྒན་པ་རྣམས་ཀྱིས་ཧ་ཅང་སྐུ་ལས་བསྐྱོན་ཏེ་ད་ཆ་སྒྲིག་འཛུགས་འདི་ཧྲ་ཏག་གནས་ཐུབ་པ་དང་། སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་ཧ་ཅང་སྐུ་ལས་བསྐྱོན་ཡོད། ཁོང་རྣམ་པ་ཚོ་འདས་གྲོངས་སུ་གྱུར་ཟིན་པར་བརྟེན་དེ་རིང་ཉིན་མོ་འདིར་ཁོང་རྣམ་པའི་ཆེད་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་རྒྱལ་སྤྱིའི་ཐོག་བྱུང་བའི་གནས་ཚུལ་གཉིས་བྱུང་ཡོད་པ་དེ་ཞུ་འདོད་བྱུང་། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༡༣ ལོའི་སྙན་ཐོའི་ནང་རྒྱ་ནག་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཆག་འགྲོ་གི་ཡོད་པ་དང་། དེའི་ནང་ནས་དམིགས་བསལ་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་ཐོག་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་འདུག ཅེས་བཀོད་འདུག དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་གྷེ་རི་ལོཀ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་དགོས་པ་དང་། དམིགས་བསལ་བོད་རྒྱའི་དཀའ་རྙོག་༸གོང་ས་མཆོག་གི་སྐུ་ཚབ་དང་གང་མྱུར་འབྲེལ་མོལ་ཐོག་ནས་སེལ་ཐབས་གནང་དགོས་ཞེས་གསུངས་ཡོད། ཅེས་སྙན་སེང་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།