༢༠༡༣ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །རྒྱ་གར་གྱི་རྒྱལ་ས་དིལླིའི་ཉེ་འཁྲིས་སུ་ཡོད་པའི་ནོ་ཡི་ཌ་ Greater Noida ཞེས་པར་རྟེན་གཞི་བྱས་པའི་བྷིར་ལ་འཕྲུལ་རིག་འཛིན་སྐྱོང་བསྟི་གནས་ཁང་ The Birla Institute of Management Technology བཞེས་པ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོའི་ཉིན་༸གོང་ས་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡ ཉིན་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་གིས་ཇེ་པི་རྩེད་ཐང་གི་ Jaypee Integrated Sports Complexཚོགས་ཁང་ནང་རྒྱ་གར་བ་ཚོང་དཔོན་དང་། ཤེས་ཡོན་མི་སྣ། དེ་བཞིན་ཆེད་ལས་པ་དང་གཞུང་འབྲེལ་མི་སྣ་བཅས་ལ་མི་ཚེ་ལམ་ལྷོང་དང་བདེ་ལྡན་ཞིག་ཇི་ལྟར་བསྐྲུན་དགོས་མིན་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་ཐོག་མར་༸གོང་ས་མཆོག་དང་སྐུ་ཞབས་བྷི་ཀེ་བྷིར་ལ་ལགས་ Mr & Mrs BK Birla དང་ཁོང་གི་ལྕམ་སྐུ་བཅས་ཕྱི་ལོ་ ༡༩༥༩།༦༠ ལོར་ལྷན་སྒྲོན་སྐུ་པར་གྱི་པར་སྒྲོམ་ཞིག་མགོན་པོ་གང་ཉིད་མཆོག་ལ་ཕྱག་རྟགས་སུ་འབུལ་ལམ་ཞུས།
དེ་ནས་༸གོང་ས་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་གྲུབ་མཚམས། བསྟི་གནས་ཁང་དེའི་ངེས་སྟོན་པ་སྐུ་ཞབས་ཅ་ཏུར་ཝེ་དི་ Dr H Chaturvediལགས་ཀྱིས་གཙོས་ཛཱ་ཡཱ་ཤྲི་རི་མ་ཧོ་ཊ་ལགས་དང་ Jayashree Mohta རཱ་ཇཱ་ཤྲི་རི་བྷིར་ལ་ལགས་ Rajashree Birlaབཅས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རྣམ་པར་ངོས་ཀྱི་བསམ་ཚུལ་དང་མྱོང་ཚོར་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། ངོས་རང་ཡང་ཁྱེད་ཚོ་དང་འདྲ་བར་འགྲོ་བ་མི་ཞིག་ཡིན་པར་བརྟེན་ང་ཚོ་དང་ཁྱེད་ཚོའི་དབར་ཁྱད་པར་གང་ཡང་མེད། ངོས་ཀྱིས་དྲན་ཚོད་བྱས་ན་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༠ ཉིན་མོར་ཉིན་འགའ་ཤས་རིང་མེ་འཁོར་ནང་འགྲུལ་བཞུད་རྗེས་མ་སུ་རིར་ཡོད་པའི་བྷིར་ལ་ཁྱིམ་ཚང་ནང་འབྱོར་བ་རེད། དེ་ནས་རིམ་བཞིན་རྒྱ་གར་གྱི་སྲིད་བློན་དམ་པ་སྐུ་ཞབས་པཎྜི་ཏ་ནེ་རུ་མཆོག་ངོས་རང་ཐུག་འཕྲད་སླད་མ་སུ་རིར་ཆེད་ཕེབས་གནང་ཡོད། ངོས་ཀྱིས་སྲིད་བློན་དམ་པ་ཁོང་ཐོག་མར་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མཇལ་མྱོང་ཡོད། དེ་ནས་ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་སྟོན་པའི་རྗེས་དྲན་གྱི་མཛད་སྒོར་བཅར་སྐབས་སླར་ཡང་ཁོང་དང་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་།
སྐབས་དེར་བོད་ནང་ཟིང་འཁྲུག་ལངས་ཟིན་པར་བརྟེན་ངོས་རང་བོད་ལ་ཕྱིར་ལོག་མི་བྱེད་རྒྱུའི་བསམ་བློ་ཞིག་བཏང་བ་ཡིན། འོན་ཀྱང་སྐབས་དེར་ཁོང་གིས་ངོས་ལ་བོད་དུ་ཕྱིར་ལོག་བྱས་ན་ལེགས་པ་ཡོད་ཚུལ་དང་འབྲེལ། གྲོས་མཐུན་དོན་ཚན་ ༡༧ གཞིར་བཞག་ཐོག་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་ཡང་གནང་བྱུང་། ངོས་རང་བྷིར་ལའི་ཁྱིམ་ཁང་དུ་བསྡད་པ་ནས་བཟུང་ད་ཆ་ལོ་ངོ་ ༥༥ ཙམ་ཕྱིན་ཡོད། ངོས་རང་ཕ་ཡུལ་ཤོར་ནས་རྒྱ་གར་ནང་ཕ་ཡུལ་གཉིས་པ་ཞིག་ཐོབ་ནས་ཡོད། རྒྱ་གར་རྒྱལ་ཁབ་འདི་བཞིན་ངོས་རང་དུས་རྒྱུན་དུ་སེམས་ཐག་ཉེ་པོ་ཞིག་ལ་རྩི་བཞིན་ཡོད། རྒྱ་གར་གཞུང་གིས་ང་ཚོར་གཟིགས་སྐྱོང་ཧ་ཅང་ཡག་པོ་གནང་བྱུང་། ངོས་རང་འདིར་སྐྱབས་བཅོལ་བ་ཞིག་ཡིན་པ་མ་ཟད། རྒྱ་གར་གཞུང་གི་ཡུན་རིང་ཤོས་གནས་སྡོད་བྱེད་མཁན་གྱི་སྐུ་མགྲོན་ཞིག་ཀྱང་ཆགས་ཡོད། རྒྱ་གར་ནང་རང་དབང་ཡོད་པར་བརྟེན་ངོས་རང་འདིར་ཧ་ཅང་སྐྱིད་པོ་འདུག ངོས་ཀྱིས་འདིར་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཨ་ཧིམ་སཱ་འམ་འཚེ་མེད་ཞི་བའི་སྲོལ་རྒྱུན་སྐོར་ཤེས་རྟོགས་བྱུང་། འཚེ་བ་ཡིན་མིན་ལུས་ཀྱི་བྱེད་ལས་དང་འབྲེལ་བའི་རྣམ་འགྱུར་ཙམ་མིན་པར་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད། གལ་ཏེ་ང་ཚོས་མི་གཞན་ཞིག་ལ་མགོ་སྐོར་བསླུ་བྲིད་བྱེད་དགོས་བསམ་པའི་ཀུན་སློང་ཞིག་འཁྱེར་ནས་གདོང་ལ་འཛུམ་འབག་གྱོན། ཁ་ནས་ཚིག་སྙན་དང་། ལག་རྟགས་སྤྲད་པ་སོགས་བྱས་ཚེ་ཀུན་སློང་ངན་པ་ཞིག་འཁྱེར་སྟབས་འཚེ་བ་ཆགས་རྒྱུ་ཡིན།
ཕྱོགས་གཞན་ནས་ང་ཚོས་ཀུན་སློང་ནང་མི་དེར་ཕན་ན་བསམ་པའི་ཀུན་སློང་ཞིག་བཅང་ནས་ངག་ནས་མི་དེར་ཚིག་རྩུབ་བེད་སྤྱོད་བྱས་ཀྱང་ཀུན་སློང་བཟང་པོ་ཞིག་ཡོད་སྟབས་ལས་དེ་འཚེ་བ་ཆགས་མེད། དེང་སྐབས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གང་སར་ཡོང་བཞིན་ཡོད་པ་དང་། རྒྱ་གར་ནང་ལའང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་མ་ཟད། མགོ་སྐོར་བསླུ་བྲིད་དང་གཡོ་སྒྱུ་སོགས་མང་པོ་འབྱུང་བཞིན་ཡོད་པ་དེ་དག་འཚེ་བའི་ཁོངས་སུ་རྩི་བཞིན་ཡོད། ངོས་ཀྱིས་ཤེས་ཚོད་བྱས་ན་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ལ་ངོ་རྒོལ་བྱས་པའམ་ཆོས་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་ཆོས་ཁས་ལེན་བྱེད་མཁན་མི་འབོར་ཐེར་འབུམ་དྲུག་ཙམ་ཡོད་པ་ཚང་མས་ལྷག་བསམ་རྣམ་དག་ཐོག་ནས་ཆོས་ཉམས་ལེན་བྱེད་མཁན་ཡིན་པའི་ཁུངས་སྐྱེལ་གསལ་པོ་གང་ཡང་མེད། མི་སུ་ཞིག་གི་དཀའ་ངལ་འདོད་ཀྱི་མེད། འོན་ཀྱང་དཀའ་ངལ་དེ་དག་ང་ཚོས་བཟོ་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཚོགས་བཅར་བའི་དྲི་བར་བཀའ་སྩལ་གྲུབ་བསྟུན་བསྟི་གནས་ཁང་དེ་ནས་༸གོང་ས་མཆོག་ལ་གཏང་རག་མཚོན་དོན་དུ་སྟོན་པའི་སྐུ་ཚེའི་ལོ་རྒྱུས་པར་རིགས་ཀྱི་ལམ་ནས་འགྲེལ་བརྗོད་བྱས་པའི་པར་སྒྲོམ་ཞིག་འབུལ་ལམ་ཞུས། ༸གོང་ས་མཆོག་ནས་ཀྱང་བསྟི་གནས་ཁང་གི་ཀུན་དགའ་རྭ་བའི་ནང་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་ཡོད།
སྤྱིར་༸གོང་ས་མཆོག་དེ་སྔ་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་སྐབས་བྷིར་ལ་ཁྱིམ་ཚང་དང་ཐུགས་ཉེ་འབྲེལ་བ་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྡ་སར་གནས་སྤོ་མ་མཛད་གོང་མ་སུ་རིའི་བྷིར་ལའི་ཁྱིམ་ཚང་ནང་ལོ་གཅིག་རིང་བཞུགས་གདན་འཇགས་ཡོད་པ་བཅས།།