༢༠༡༣ ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས་དང་། དགའ་ལྡན་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་རྭ་ཆེན་མོའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད།
དེ་རྗེས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་དགུ་པའི་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ། ༢༠༡༠ བཅས་འཛིན་རིམ་ཁག་གསུམ་གྱི་སློབ་གཉེར་བ་རྣམས་ཀྱིས་ལོ་ངོ་ ༢༣ རིང་སློབ་གཉེར་མཐར་ཕྱིན་གནང་སྟེ་བསླབ་པ་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་མི་གྲངས་ ༡༥༠ ཡོད་པ་ཁོངས་རྣམས་ལ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་སྩལ་རྗེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་དོན།
དེ་རིང་འདིར་གཙོ་ཆེན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་རིན་པོ་ཆེ་རེད། ཆོས་རྗེ་རྣམ་གཉིས་བཅས་གདན་འཛོམས་པའི་ཐོག་དགེ་ལུགས་རྒྱུགས་སྤྲོད་ཀྱི་ཕྱག་འཁྱེར་འབུལ་རྒྱུར་ཁ་སང་རེ་འདུན་གནང་གི་འདུག་པ་ཟུར་དུ་འཚོགས་རྒྱུའི་དུས་ཚོད་མེད་པར་བརྟེན། ཚོགས་མི་དགོས་པ་བྱས་ཏེ་བཀའ་ཆོས་སྐབས་འདིར་སྟབས་གཅིག་དོན་གཉིས་ཐོག་བྱས་པ་འདི་འདྲ་ཡིན། རྒྱུགས་སྤྲོད་ཀྱི་ཕྱག་འཁྱེར་བཞེས་མཁན་ཁྱེད་རྣམ་པས་ལོ་མང་རིང་དཀའ་ལས་བརྒྱབ། ཁ་སྔོན་ཞུས་པ་ལྟར་རྩ་བ་བློ་འཛིན་གནང་བ་དང་འབྲེལ་བ་སོ་སོའི་བློ་འཛིན་གྱི་བློ་རིག་དང་བསྟུན་ཏེ་བློ་འཛིན་ཡག་པ་དེ་དག་གི་འབྲེལ་བ་གཙོ་ཆེ་བ་དེ་དག་བློ་འཛིན་བྱེད་ཀྱི་ཡོད། གང་ལྟར་གཞུང་གི་ཚིག་འབྲུ་རེ་རེར་ཡང་འགྲེལ་བཤད་བྱུང་བ་དེ་དག་ལ་ཆོས་རྭའི་ནང་བརྡར་ཤ་བཅད་དེ་དགག་བཞག་སྤོངས་གསུམ་བྱས་པ་དེ་འདྲའི་ཐོག་ནས་གཞུང་དོན་དཔྱིས་ཕྱིན་པ་སློབ་སྦྱོང་བྱས་ཡོད། དེ་རིང་འདིར་ཁྱེད་ཚོར་རྒྱུགས་སྤྲོད་ཟིན་པའི་ལག་འཁྱེར་ཐོབ་པར་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་ཚོས་སློབ་གཉེར་བྱས་པ་དེ་དག་ནི་ནང་དོན་རིག་པ་ཆགས་ཡོད། ནང་དོན་རིག་པའི་དོན་ཞིབ་ཚགས་ངང་གཏན་ལ་འབེབས་རྒྱུར་ཚད་མ་རིག་པར་ཐུག་གི་ཡོད། དེ་བཞིན་གཞུང་གི་ཚིག་དང་གོ་བ་ཡག་པོ་ཡོང་རྒྱུར་སྒྲ་རིག་པ་དེ་དག་ཀྱང་འབྲེལ་བ་ཆགས་ཀྱི་ཡོད།
ང་ཚོ་བོད་པར་ཆ་བཞག་ན་བོད་པ་རང་གི་སྙན་གསུམ་དེ་དག་ཚིག་ལ་གོ་བ་ལེན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། དེ་ལྟར་སློབ་སྦྱོང་བྱས་པའི་དགོས་དོན་དམིགས་ཡུལ་དེ་ཕོགས་ལེན་རྒྱུའི་དོན་དུ་མ་རེད་ལ་མིང་སྐམ་པོ་ཞིག་ཡོང་རྒྱུའི་དོན་དུའང་མ་རེད། གང་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་རྒྱུའི་དོན་དུ་དམིགས་ཡུལ་འཇོག་པ་དང་དེའི་ནང་ཚན་ནས་ང་ཚོས་སློབ་སྦྱོང་བྱས་པ་དེ་དག་རྣམ་མཁྱེན་བསྒྲུབ་རྒྱུའི་ལམ་ཞིག་ཤོད་ཀྱི་ཡོད། དེ་འདྲ་ཡིན་དུས་ལམ་རིམ་ཆེན་མོའི་ནང་རྗེ་རིན་པོ་ཆེས། ཐོས་པའི་རྗེས་འཇུག་བསྒྲུབ་པ་སྙིང་པོར་བྱེད། ཅེས་ལུང་འདྲེན་མཛད་པ་ལྟར་རེད། དེར་བརྟེན་སློབ་སྦྱོང་བྱས་པའི་ཤེས་ཚད་དེ་དག་རྒྱུད་ཐོག་ལ་འཇགས་པ་བྱས་ཏེ་ཐོག་མ་རང་གི་རྒྱུད་གཞུང་ནས་བཤད་པ་བཞིན་ཡོངས་སུ་རྫོགས་པ་ཞིག་ཡོང་རྒྱུ་ཁག་པོ་རེད། འོན་ཀྱང་ལམ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཞིག་དང་རིམ་པས་བསམ་བློ་ཕྲན་བུ་བཏང་སྟེ་ལམ་ཡོངས་རྫོགས་ཉམས་འོག་ཏུ་ཚུད་པ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་ནས་རིམ་པས་དོན་ཚན་རེ་རེ་བྱས་ཏེ་དམིགས་དཀར་གྱི་ཐོག་ནས་མྱོང་བ་འདོན་རྒྱུ་ཡོང་བ་དེ་འདྲ་རེད།
དེར་བརྟེན་ཁྱེད་ཚོས་སློབ་སྦྱོང་བྱས་པའི་ཤེས་ཚད་ཡོད་པ་དེ་དག་ཐོས་པ་ཁོ་ནའི་ཐོག་མ་བཞག་པར་ཉམས་ལེན་མྱོང་རྟོགས་ལ་ཚུར་སྦྱར་ཏེ་གནང་ཤོག་ཨང་། མདོར་ན་ང་ཚོ་དགེ་ལུགས་ཚོས་མིག་དཔེ་བལྟ་ས་དེ་རྗེ་རིན་པོ་ཆེ་ཆགས་ཡོད། རྗེ་རིན་པོ་ཆེས། དང་པོ་རྒྱ་ཆེའི་ཐོས་པ་མང་དུ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐའ་མར་ཉིན་ཚན་ཀུན་དུ་ཉམས་སུ་ལེན། ཉམས་ལེན་བྱེད་རྒྱུ་དེ་ཡང་རང་ཉིད་གཅིག་པུ་ཞི་བདེ་བསྒྲུབ་རྒྱུའི་ཆེད་དུ་མ་ཡིན་པར། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། ཞེས་གསུངས་པ་ལྟར་མཁས་བཙུན་བཟང་གསུམ་གྱི་ཐོག་ནས་བྱེད་དགོས། སྨོན་ལམ་བརྒྱབ་པ་དེ་ནི་ཚིག་སྐམ་པོ་ཙམ་རེད། སྨོན་ལམ་བསམ་པ་རྣམ་དག་ངང་ནས་བརྒྱབ་པ་ཡིན་ན་ཕན་ཡོན་གང་ཙམ་ཡོང་གི་རེད་ལ་བསོད་ནམས་གསོག་རྒྱུ་ཞིག་ཡོང་མདོག་རེད། འོན་ཀྱང་གཙོ་བོ་སྨོན་ལམ་བརྒྱབ་པས་དོན་དག་དེ་སེམས་རྒྱུད་ལ་འཇགས་པ་བྱས་ཏེ་སྨོན་པའི་སེམས་བསྐྱེད་གཅིག་པུས་ཡོང་རྒྱུ་མེད། འཇུག་པ་སེམས་བསྐྱེད་ཞེས་དེའི་རྗེས་མཐུད་དགོས་ཀྱི་ཡོད། སྤྱོད་པ་སློབ་དགོས་ཀྱི་ཡོད། དེ་དེ་བཞིན་བྱས་ཏེ་ང་ཚོས་མཁས་བཙུན་བཟང་གསུམ་ཡོང་བ་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་དེ་གཅིག་པུས་འགྲིག་གི་མེད། ང་ཚོས་ལག་བསྟར་གནང་དགོས། ཇི་ཙམ་གྱིས་རང་གི་རྒྱུད་བཤད་པ་དང་སྒྲུབ་པ་ཟུང་འབྲེལ་གྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་གང་ཙམ་ཞིག་ཡོད་པ་བྱུང་ན། དེ་རིང་ཁ་སང་བོད་ནང་ཡོད་པའི་དུས་དང་མི་འདྲ་བར་འཛམ་གླིང་གང་སར་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། འདི་ལྟ་བུའི་སྐབས་འདིར་རིས་སུ་མ་ཆད་པའི་སྐྱེ་འགྲོར་ཞབས་འདེགས་ཕྲན་བུ་ཞིག་ལས་མེད་ཀྱང་བསྒྲུབ་ཐུབ་པའི་སེམས་ཤུགས་སྐྱེད་དགོས། དེ་ལྟར་བྱུང་ན་མི་མང་པོ་ཞིག་གིས་མི་ཚེའི་ནང་བསམ་བློ་གཏོང་སྟངས་གུ་ཡངས་སུ་ཕྱིན། དེའི་ཚོད་ཀྱིས་མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་སེམས་ནང་དེ་ཙམ་གྱི་དངངས་སྐྲག་དང་རང་ཤི་རྒྱག་དགོས་མིན་འགྲོ་སྙམ་པའི་བསམ་ཚུལ་དེ་འདྲ་མི་ཡོང་བར་ཏན་ཏན་ཁྱད་པར་ཡོད། དོ་བདག་སོ་སོར་དེ་ལྟ་བུ་ཁ་ཡོད་ལག་ཡོད་ཐོག་ལ་ཕན་ཐོགས་ཡོང་རྒྱུ་ཞིག་མཐོང་སྐབས། དེའི་འབྱུང་རྩ་དེ་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བའི་བསྟན་པའི་ཐོག་ནས་ཡོང་གི་ཡོད་པ་ཞིག་མཐོང་དུས་རང་བཞིན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་མཐོང་དང་རྒྱུ་མཚན་མཐོང་བའི་ཐོག་ནས་དགའ་ཞེན་བྱེད་རྒྱུ་ཞིག་ཡོང་གི་རེད། དེས་བོད་སྤྱི་པའི་དོན་ལའང་ཕན་གྱི་ཡོད།
དེར་བརྟེན་ཁྱེད་ཚོས་དེ་དག་དགོངས་པར་འཇགས་ཏེ་ཧུར་བརྩོན་གནང་དགོས། ངོས་རང་དེ་སྔོན་གྲྭ་སར་ཆོས་ཞུགས་བྱེད་སྐབས་ཀྱི་བདེ་ཡངས་མཁན་པོས་གསུངས་གསལ་ལ། བདེ་ཡངས་གྲྭ་ཚང་ལ་དགེ་འདུན་པ་སློབ་གཉེར་གནང་མཁན་སྤུས་དག་བརྒྱ་བྱུང་ཡང་ཉུང་དྲགས་པ་རེད། ཞབས་འདྲེན་ཞུ་མཁན་གཅིག་ཡོད་ཀྱང་མང་དྲགས་པ་རེད། ཅེས་གསུངས་མྱོང་ཡོད། ང་རང་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་ད་ལྟ་ཕྱག་འཁྱེར་བཞེས་མཁན་ཁྱེད་རང་ཚོའི་ནང་ནས་དགེ་ལུགས་རྒྱུགས་སྤྲོད་བཏང་ནས་དགེ་ལྡན་པའི་དགེ་བཤེས་རེད་ཅེས་མིང་དོན་མཚུངས་པ་ཞིག་བྱས་ཏེ་ཕྱི་ལ་ཡིན་ཡང་ཞག་རྩི་ཐོན་ཐུབ་པ་ཞིག་དང་ནང་ལ་ཡིན་ནའང་སེམས་རྒྱུད་དུལ་བ་དེ་འདྲ་ཞིག་བྱེད་དགོས་པ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བསླབ་པ་མཐར་སོན་པའི་རྟེན་འབྲེལ་མཛད་སྒོ་ལེགས་པར་གྲུབ་རྗེས་དགའ་ལྡན་ཁྲིན་རིན་པོ་ཆེ་མཆོག་དང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག བྲག་རི་རིན་པོ་ཆེ་མཆོག རྒྱུད་སྟོད་མཁན་པོ་ཆེ་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་ཁྲིད་ཆེན་ཁག་གི་བཀའ་ཆོས་སྔ་དྲོ་ཆོས་ཐུན་གཅིག་དང་ཕྱི་དྲོ་ཆོས་ཐུན་གཅིག་བཅས་ཆོས་ཐུན་གཉིས་བཀའ་དྲིན་ཆེ་བ་སྩལ།།