༢༠༡༣ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེར་སྨད་གྲྭ་ཚང་གི་འདུ་ཁང་ཆེན་མོའི་ནང་༸ཞབས་སོར་འཁོད་བསྟུན་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་དང་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན། དེ་བཞིན་མཉམ་འབྲེལ་ཁག་གཉིས་ཀྱི་ཚོགས་གཙོ་གཉིས་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་སེ་ར་ཆོས་སྒར་ལ་བཅར་རྒྱུ་འདི་ལོ་སྔོན་མའི་ལམ་རིམ་ཆོས་འབྲེལ་གྱི་ལྷག་འཕྲོས་རྣམས་འདོན་ཆེད་ཡིན། བཀའ་ཆོས་བྱེད་ཡུལ་སེ་ར་བྱེས་ཀྱི་ཆོས་ར་རྒྱ་ཆེན་པོ་ཡོད་སྟབས། དེར་བྱ་རྒྱུ་དང་ཞག་སྡོད་སྔོན་ལ་བདུན་གཅིག་རིང་སེ་ར་སྨད་དུ་བསྡད་ན་བསམས་བྱུང་། འདི་ག་སེ་ར་སྨད་གྲྭ་ཚང་གི་བླ་སྤྲུལ་རྣམ་པ་ཚོ་དང་དགེ་བཤེས་རྣམ་པ། དེ་བཞིན་འདིར་ཁྱེད་རང་ཚོ་རྒྱ་ཆེན་པོ་ཞིག་འདུས་ཏེ་ཕེབས་ཡོད་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ནམ་རྒྱུན་དུ་ཤོད་བཞིན་ཡོད། སེར་སྨད་གྲྭ་ཚང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ལ་བར་སྐབས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། འོན་ཀྱང་ཁྱེད་རང་ཚོ་སྤྱི་བྱིངས་དེ་དག་གིས་མིའི་རྣམ་དཔྱོད་བེད་སྤྱད་ནས་རྒྱུ་མཚན་ལྡན་པའི་ལམ་ལ་ཐེ་ཚོམ་མེད་པའི་ཐོག་ནས་ཤར་སྐྱོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ངོས་སྒེར་གྱི་གནད་དོན་མ་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བསྟན་པར་རང་གི་ཉམས་ལེན་ཐབས་དང་ཤེས་རབ་གང་གི་ཆ་ནས་ཡིན་ཡང་ལམ་གྱི་གནད་འགག་དེ་དག་མ་ཚང་བ་མེད་པ་ཞིག་རྗེ་རིན་པོ་ཆེའི་གསུང་ནང་ཡོད། རང་གི་ཉམས་ལེན་བྱ་རྒྱུའི་ནང་དུའང་རྗེ་རིན་པོ་ཆེའི་པོ་ཏི་བཅོ་བརྒྱད་དེ་དག་ལས་ལྷག་པ་ཞིག་དགོས་རྒྱུ་མེད་པ་ལྟ་བུ་རེད། གཞན་ལ་བསྟན་པའི་འགྲེལ་བཤད་རྒྱག་དགོས་བྱུང་ནའང་རྗེ་རིན་པོ་ཆེའི་གསུང་དེ་དག་གཞན་དང་མི་འདྲ་བ་ཞིག་ཡོད། དེ་ལྟར་ཡོང་བའི་རྒྱུ་མཚན་ནི་དཔལ་ན་ལནྡྲའི་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ཡབ་སྲས་སོགས་ཀྱི་གསུང་རྩ་བར་བཞག་ནས་རྗེ་རིན་པོ་ཆེ་རང་གིས། དེ་ཕྱིར་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། ། ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། ཞེས་དང་། །དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །མཐའ་མར་ཉིན་ཚན་ཀུན་ཏུ་ཉམས་སུ་བླངས། ཞེས་གསུངས་པ་དེ་དག་དངོས་གནས་བཞེས་ས་མ་ཞུས་ན་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་གནང་འདུག མི་ལ་འགྲེལ་བཤད་རྒྱག་དགོས་བྱུང་ནའང་རྗེ་རིན་པོ་ཆེའི་གསུང་དེ་དག་དཔལ་ན་ལེནྡྲའི་མཁས་པས་གསུངས་པའི་གཞུང་ཡིན་སྟབས། གང་ཟག་དགོས་ཚན་ཞིག་གི་གསུང་དང་འདྲ་རྒྱུ་མེད། དཔེར་ན། ངོས་རང་གི་ཉམས་མྱོང་ཐོག་ནས་རྒྱུས་མངའ་ཕྲན་བུ་ཡོད། དེར་བརྟེན་རྗེ་རིན་པོ་ཆེའི་བསྟན་པ་འདི་དངོས་གནས་དྲི་མ་མེད་པ་ཞིག་ཡིན། སྔ་མོ་ངོས་རང་རྡོར་གླིང་ཁུལ་གྱི་བཀའ་བརྒྱུད་དང་རྙིང་པའི་དགོན་པར་འགྲོ་སྐབས། ༸རྒྱལ་བ་རིན་པོ་ཆེར་ང་ཚོས་དད་པ་བྱེད་དགོས། བླ་མ་རྩ་ཆེན་ཞིག་རེད། འོན་ཀྱང་༸རྒྱལ་བ་རིན་པོ་ཆེ་མཆོག་དང་མཉམ་དུ་འདྲེ་ཞིག་ཡོང་གི་ཡོད། ཅེས་བཤད་སྲོལ་དེ་འདྲ་བྱུང་ཡོད། ཀརྨ་པ་ཞིང་གཤེགས་ཀྱང་རྒྱལ་པོ་ཤུགས་ལྡན་ཐོག་ཧ་ཅང་གཟིགས་ཚུལ་ཡོད་མཁན་ཞིག་རེད། རྗེ་རིན་པོ་ཆེའི་བསྟན་པར་སུ་གཅིག་གིས་སྐྱོན་གྱི་ངོས་ནས་ཤོད་རྒྱུ་མེད་པ་ཞིག་དགོས་ཀྱི་རེད། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ནང་ལ་འགྲིག་གི་མི་འདུག་ཤོད་མཁན་མཁས་པ་རེ་ཟུང་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་དཔེར་ན། སྟག་ཚང་ལོ་ཙཱ་བར་ཆ་མཚོན་ན། རྗེ་རིན་པོ་ཆེའི་གསུང་ལ་དགག་པ་རྒྱག་གི་ཡོད། རྗེས་ལ་རྗེ་རིན་པོ་ཆེར་དམིགས་བསལ་བསྟོད་པ་མཛད་ཡོད། མཁས་པ་མཁས་པའི་ནང་མཛེས། དེར་བརྟེན་རྗེ་རིན་པོ་ཆེའི་གཞུང་དེ་དག་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག རྗེ་རིན་པོ་ཆེའི་གཞུང་ཆེན་དང་ཡི་དམ་གསང་བདེ་འཇིགས་གསུམ་སོགས་ཀྱིས་ཞབས་འདྲེན་ཞུ་རྒྱུ་མེད།
འོན་ཀྱང་རྒྱལ་པོ་ཤུགས་ལྡན་གྱིས་ཞུ་གི་འདུག དེ་སྔ་ངོས་ཀྱིས་མ་ཤེས་པའི་དབང་གིས་བསྟན་པ་རེད། ༸གོང་ས་ལྔ་པ་ཆེན་པོས་སྨོན་ལ་ལོག་པའི་དམ་སྲི་འབྱུང་པོ། །བསྟན་དང་འགྲོ་བར་འཚེ་བྱེད་མཁན་ཞེས་གསུངས་ཡོད་སྟབས་ཧ་ཅང་མ་བདེ་ཞིག་འདུག ཁྱེད་རང་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཉན་པ་མ་ཟད་ལྟོས་དང། བར་སྐབས་ཁྱེད་རང་ཚོས་དེའི་ཐོག་དམིགས་བསལ་ཞིབ་འཇུག་བྱས་ཏེ་ཤུགས་ལྡན་གྱི་ལོ་རྒྱུས་དེབ་དེའི་དཀར་ཆག་ངོས་ཀྱིས་མཐོང་བྱུང། ཧ་ཅང་ཞིབ་ཚགས་པོ་བྱུང་འདུག གང་ལྟར་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་བསམ་བློ་གཏོང་དགོས། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་སྤུས་དག་ཡོང་རྒྱུ་དེ་ཞིབ་འཇུག་ཁོ་ན་གནང་བ་ཞིག་རེད་འདུག ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་དེ་དག་རྩ་བར་བཞག་སྟེ་དེ་དང་མཐུན་པའི་ཐོག་ནས་ཕེེབས་འདུག བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ་ཁག་གཅིག་གིས་རྗེ་རིན་པོ་ཆེའི་གསུང་ལ་འགོ་སྟོད་དགག་པ་བརྒྱབ་ཀྱང་སྐུ་ཚེ་སྨད་ལ་ཚང་མ་ངེས་རྙེད་བྱུང་འདུག དེང་སྐབས་ཧམ་ཆེན་ཤོད་མཁན་ཁག་གཅིག་གིས་རྒྱལ་པོ་ཤུགས་ལྡན་རྗེ་རིན་པོ་ཆེའི་རྣམ་སྤྲུལ་རེད། ཅེས་ཤོད་ཀྱི་འདུག སྐྱབས་རྗེ་ཁྲི་བྱང་རིན་པོ་དང་སྐྱབས་རྗེ་ཕ་བོང་ཁ་རྣམ་གཉིས་ཀྱིས་རྒྱལ་པོ་ཤུགས་ལྡན་དྲེགས་པ་དྲེགས་པའི་གནས་སུ་བཞག་སྟེ་དཀའ་ངལ་བྲན་གཡོག་ལྟར་བསྟེན་སྲོལ་གནང་ཡོད། དེར་བརྟེན་ཁྱེད་རང་ཚོས་གནས་ཚུལ་ཚང་མར་ཞིབ་འཇུག་བྱས་ཏེ་ཤེས་ན་བློ་བདེ་པོ་ཡོང་གི་རེད། དེ་མིན་༸རྒྱལ་བ་རིན་པོ་ཆེའི་ངོར་བལྟས་ནས་ཤུགས་ལྡན་བསྟེན་གྱི་མིན་མདོག་དང་སེམས་གཏིང་ལ་ཤུགས་ལྡན་རྩ་ཆེན་ཡིན་བསམས་པ་དྲན་ན་དཀའ་ངལ་རེད།
སྤྱིར་བཏང་ཆོས་དད་རང་དབང་རེད། དེར་བརྟེན་སོ་སོ་ག་རེ་བྱེད་འདོད་ཡོད་ཀྱང་རང་དབང་རེད། གྲྭ་ཚང་གཉིས་ལ་བར་སྐབས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་ཁྱེད་རང་ཚོ་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་བོད་རྒྱ་ཆེའི་མི་དམངས་ཁྲོད་ལ་གདོང་བསྟན་ཕོད་པ་བྱས་ཏེ་བསྡད་པ་རེད། སྤྱོད་པ་སློག་ནས་བསྡད་ན་བོད་རྒྱ་ཆེའི་མི་དམངས་ཁྲོད་ཕལ་ཆེར་ཕྲན་བུ་མི་བདེ་བ་ཡོད། བོད་པ་ཞིག་ཡིན་ཆད་ལ་སངས་རྒྱས་པའི་ཆོས་དང་དེའི་ནང་དགེ་ལུགས་པ་ཡིན་ཆད་ལ་སྤྱི་ཡོངས་ཀྱི་འགྲོ་སྟངས་ཐོག་ཕྱིན་ནས་ཡག་གི་རེད། ཁྱེད་རང་ཚོས་དེའི་ཐོག་ཕྱིན་ཡོད། བློ་བདེ་པོའི་ཐོག་བཞུགས་ཨང། སང་ཉིན་གནངས་ཉིན་ནས་བཀའ་ཆོས་ཚུགས་ཀྱི་རེད། མདོར་ན། མཁས་བཙུན་བཟང་གསུམ་དགོས་ཀྱི་ཡོད། ཅེས་བཀའ་སློབ་སྩལ་ཡོད། །