༢༠༡༣ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ལྷར་བཅས་སྲི་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༤ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར། བཀའ་ཤག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་། འཛམ་གླིང་གང་སར་གནས་པའི་བོད་མི་དང་། བོད་ཀྱི་གྲོགས་པོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་གནང་མཛད་པ་མ་ཟད། འཇིག་རྟེན་ཡོངས་ལ་འཚེ་མེད་ཞི་བའི་ཐབས་བྱུས་ལམ་སྟོན་དང་ཉམས་བཞེས་གནང་མཁན་གྱི་རླབས་ཆེའི་དབུ་འཁྲིད་འགྲན་ཟླ་མེད་པ་ཞིག་ཡིན་སྟབས། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་མཛད་པ་དེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་བ་དང་ཆབས་ཅིག རྒྱལ་སྤྱིའི་ནང་བོད་དོན་སྐོར་གོ་རྟོགས་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བར་ཕན་ཐོགས་ཤུགས་ཆེ་བྱུང་ཡོད། འཛམ་གླིང་ས་ཕྱོགས་གང་སར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་སྙན་མཛད་འཕྲིན་རྒྱས་པ་ལ་བརྟེན་ནས་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་གྱི་གནས་ཚད་མཐོ་རུ་ཕྱིན་པ་མ་ཟད། བོད་དོན་ནི་འཚེ་མེད་ཞི་བ་དང་དྲང་བདེན་གྱི་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་གྱུར་ཡོད།
དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་པ་དང་། འགྲོ་བ་མིའི་རིགས་ཀུན་ལ་དབྱེ་བ་མེད་པར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་ཡོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གཏན་འབེབས་གསལ་བསྒྲགས་བྱས་ནས་ལོ་ ༦༥ འཁོར་བའི་དུས་དྲན་འཛམ་གླིང་གང་སར་སྲུང་བརྩི་ཞུ་བཞིན་ཡོད།
འོན་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ཁྱད་པར་བོད་ནང་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ལ་གཞིགས་ན་དུས་ཆེན་སྲུང་བརྩི་ཞུ་འོས་གང་ཡང་ཆགས་ཀྱི་མེད།
རྒྱ་ནག་གཞུང་གིས་ཡོངས་གྲགས་ཐོག་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་རེད། བོད་ནང་མུ་མཐུད་བཙན་བཟུང་གིས་ཆབ་སྲིད་ཀྱི་དམ་དྲག་དང་། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་གཏོར་གཏོང་བཞིན་པ་དང་། ཁྱད་པར་རྒྱ་རིགས་འབོར་ཆེན་སྤོ་ཤུགས་བྱས་པའི་དབང་གིས་བོད་མི་རྣམས་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ལ་སྒྱུར་བཞིན་ཡོད།
དེ་འདྲའི་དམ་དྲག་གི་གནས་སྟངས་འོག་རྒྱུན་ལྡན་མང་ཚོགས་ཀྱི་བདེ་སྡུག་བཤད་སའི་བརྒྱུད་ལམ་ཡོངས་རྫོགས་མེད་པར་གྱུར་སྟབས། བོད་མི་ཚོས་སེམས་ནང་གི་ཚོར་བ་ཕྱིར་སྟོན་བྱེད་ཐབས་སུ་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་ཐབས་མེད་གྱུར་ཡོད། བདུན་ཕྲག་གཅིག་གོང་རང་ལོ་ ༣༠ ཡིན་པ་དཀོན་མཆོག་ཚེ་བརྟན་གྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་པ་རེད། ང་ཚོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་རིམ་པ་ཞུ་བཞིན་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༢༣ ཀྱིས་རང་ལུས་མེར་སྲེག་བཏང་ཡོད། མི་ ༡༢༣ གྱི་གྲངས་ཐོ་དེ་ནི་སྤྱིར་བཏང་གི་གྲངས་ཀ་ཞིག་མ་ཡིན་པར་མིའི་ཚེ་སྲོག་གི་གྲངས་ཀ་ཡིན་པས། གལ་སྲིད་གདམ་ཁ་ཡོད་ན་མུ་མཐུད་འཚོ་རྒྱུ་ལས་ཚེ་སྲོག་བློས་བཏང་བྱ་འདོད་མེད་པ་གསལ་པོ་རེད། རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པར་ཐུག་ཡོད། ཉེ་སྔོན་འབྲི་རུར་བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་འགྲེངས་འཛུགས་བྱ་རྒྱུ་མོས་མཐུན་མ་བྱས་པའི་རྩོད་གླེང་བྱུང་སྐབས་ཉེན་རྟོག་མི་སྣས་གོ་མཚོན་བེད་སྤྱད་ནས་བོད་མི་བཞི་རྐྱེན་ལམ་དུ་བཏང་བ་དང་། མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ད་ལྟ་ཡང་ས་གནས་སུ་དམ་དྲག་བྱེད་བཞིན་པ་རེད།
གཟུ་བོར་གནས་པའི་ཕྱི་ནང་ཤེས་ལྡན་ཀུན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དོན་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་ལྟ་བུ་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད་ནའང་། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་དེ་ལྟར་ངོས་འཛིན་བྱ་རྒྱུའི་ཚབ་ཏུ་དགྲ་རུ་ལྟ་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་ཀུའོ་ཡིས་ཡོངས་གྲགས་ཐོག་བོད་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་སྐོར་གོ་རྒྱུ་མེད་པ་བཟོ་རྒྱུ་ཡིན་སྐོར་གཞུང་འབྲེལ་གསར་ཤོག་ཐོག་སྤེལ་ཡོད། མ་གཞི་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པོའི་སྐོར་གནས་ཚུལ་གོ་རྒྱུ་མེད་པ་བཟོས་ཟིན་པ་རེད། ཁོང་ད་ལྟའང་རྒྱ་ནག་གི་བཙོན་འཇུག་འོག་གནས་ཡོད། བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འདི་ཙམ་ཡང་མེད་ན་བོད་ནང་རང་དབང་ཇི་ཙམ་ཡོད་མིན་སུས་བལྟས་ཀྱང་ཚོད་དཔག་ཐུབ་ངེས་རེད།
ཉེ་ཆར་བཏོན་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྙན་ཐོ། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་སྙན་ཐོ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་སྙན་ཐོ་བཏོན་པའི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་བཏང་སྐོར་འཁོད་ཡོད། དེ་མཚུངས་ཨ་རིའི་ནང་རྟེན་གཞི་བྱེད་པ་རང་དབང་གི་ཁང་བུ་ཞེས་པ་འཛམ་གླིང་ནང་རང་དབང་གི་གནས་སྟངས་རྟོག་ཞིབ་བྱེད་མཁན་ཚོགས་པ་དེས་སྤེལ་བའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་རང་དབང་གི་གནས་སྟངས་‘ཐབས་སྡུག་ཤོས་’ཡིན་པ་གསལ་འདོན་བྱས་ཡོད།
ཟླ་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཚོགས་འདུའི་སྐབས་རྒྱལ་ཁབ་བཅུ་གཉིས་ཀྱིས་རྒྱ་ནག་ནང་བོད་རིགས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར་བཤད་ཡོད། ཁྱད་པར་ནིའུ་ཇི་ལེཌ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོའི་སྐུ་ཚབ་དབར་གྲོས་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་དགོས་པའི་སྐུལ་འདེབས་བྱས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་གྲོས་མོལ་བརྒྱུད་དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཟུང་གཉིས་མོས་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུ་དེ་ཉིད་ཡིན་པའི་ཡིད་ཆེས་བརྟན་པོ་ཞུ་བཞིན་ཡོད། དེ་ཡང་དབུ་མའི་ལམ་གྱི་དོན་སྙིང་ནི། བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་ནང་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ལག་བསྟར་ཡོང་ཐབས་བྱེད་རྒྱུ་དེ་ཡིན་སྟབས། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་ཁག་དང་ཡོངས་སུ་མཐུན་པ་ཡིན། ང་ཚོས་བོད་ཁ་བྲལ་རྩོད་ཀྱི་མེད་པ་མ་ཟད། ཚད་མཐོའི་རང་སྐྱོང་སྐོར་ཡང་བཤད་མེད། ང་ཚོའི་དགོས་འདུན་ནི་མིང་དོན་མཚུངས་པའི་རང་སྐྱོང་ཡིན།
དེ་མཚུངས་བོད་ཆེན་པོ་ཞེས་པའི་ཐ་སྙད་ནམ་ཡང་བེད་སྤྱོད་བྱེད་མྱོང་མེད། བོད་ཆོལ་ཁ་གསུམ་ནི་གནའ་སྔ་མོ་ནས་མཐོ་སྒང་བོད་ཀྱི་ས་ཁུལ་སྡེ་ཚན་གཅིག་གི་ངོ་བོར་གནས་ཡོད། སྐད་ཡིག་དང་། ཆོས་ལུགས། ཡུལ་གོམས་གཤིས་ལུགས། ས་བབ་ཁོར་ཡུག་བཅས་ཕྱོགས་ཐམས་ཅད་ནས་གཅིག་གྱུར་ཡིན་བཞིན་པ་དེ། ཞིང་ཆེན་ཁག་ནང་དུམ་བུ་མང་པོར་བཏང་བ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གསལ་བ་དང་ནང་འགལ་ཆགས་ཡོད། རྩ་ཁྲིམས་དོན་ཚན་བཞི་པའི་ནང་ ‘‘གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་གནས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ།’’ ཞེས་གསལ་ཡོད། རྩ་ཁྲིམས་ཀྱི་ཆ་རྐྱེན་དེ་གཞི་བཟུང་། ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་མཚོན་ན་ཡུ་གུར་མི་རིགས་ ༩༩% དེའི་ནང་ཚུད་ཡོད་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནང་ཀྲོང་རིགས་ ༩༥% ཚུད་ཡོད། འོན་ཀྱང་བོད་རང་སྐྱོང་ལྗོངས་ནང་བོད་རིགས་ ༥༠% ལས་ཉུང་བ་མ་གཏོགས་ཚུད་མེད། བོད་རིགས་མི་འབོར་མང་བ་བོད་རིགས་རང་སྐྱོང་ཁུལ་དང་། རང་སྐྱོང་རྫོང་གི་ངོ་བོར་ཉེ་འབྲེལ་ཞིང་ཆེན་གཞན་གྱི་ནང་ཟླ་བསྒྲིལ་བཏང་ཡོད།
བོད་ཆོལ་ཁ་གསུམ་གྱི་ས་ཁུལ་བསྡོམས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཞི་ཆ་གཅིག་ཟིན་གྱི་ཡོད་པ་ནི། གནའ་སྔ་མོ་ནས་རང་བཞིན་གྱིས་བྱུང་བའི་བོད་མི་རིགས་ཀྱི་ཡུལ་ལུང་ཆགས་སྟངས་ཤིག་ལས་ང་ཚོས་གསར་བཟོ་བྱས་པ་ཞིག་མིན་པ་མ་ཟད། བོད་རིགས་གཅིག་གྱུར་བྱེད་རྒྱུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོང་མ་སྲིད་པ་དེ་བས་ཀྱང་མིན།
དཔེར་ན་ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ནི་རྒྱ་ནག་གི་ལྔ་ཆ་གཅིག་ཟིན་གྱི་ཡོད་པ་དང་། ནང་སོག་རང་སྐྱོང་ལྗོངས་ནི་བརྒྱད་ཆ་གཅིག་ཟིན་གྱི་ཡོད། དེར་བརྟེན་ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་གི་མངོན་འདོད་དེ་ཁྲིམས་ཀྱི་ཆ་རྐྱེན་ཁག་ཇི་བཞིན་ལག་བསྟར་ཐུབ་ཐབས་དང་། རང་ཁྱིམ་རང་བདག་ཡོང་ཐབས་བྱེད་པའི་འཛིན་སྐྱོང་གི་གནས་སྟངས་ཤིག་ལས་ས་ཁྱོན་དང་འབྲེལ་བ་གང་ཡང་མེད། ཆོས་དང་། སྐད་ཡིག གོམས་གཤིས། དཔལ་འབྱོར། ས་བབ་ཁོར་ཡུག་བཅས་གཅིག་གྱུར་ཡིན་པའི་བོད་རིགས་རྣམས་ད་མུས་བཞིན་དུམ་བུ་མང་པོར་བགོས་པ་ལས་གཅིག་གྱུར་བཟོས་ན་འཛིན་སྐྱོང་གི་ཆ་ནས་སྟབས་བདེ་བ་དང་ཚགས་ཚུད་པ་ཡོང་རྒྱུ་ཡིན་པ་གསལ་པོ་རེད། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་སྐྱོན་འཛུགས་བྱས་པ་ལྟར་རྒྱ་རིགས་ཡོངས་རྫོགས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན་པ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་གསལ་པོ་འཁོད་ཡོད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དར་སྤེལ་བྱེད་པར་བོད་ཀྱི་ས་ཁུལ་ནང་བོད་རིགས་གྲངས་ཀ་མང་བ་ཡོད་དགོས་པ་ནི་སྨོས་ཅི་དགོས།
རྒྱལ་སྤྱིའི་དབུ་འཁྲིད་ཁག་དང་། གྲོས་ཚོགས་ཀྱི་འཐུས་མི། མཁས་པ། རྩོམ་པ་པོ་སོགས་གནད་ཡོད་མི་སྣ་མང་པོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་བྱས་ཡོད། ཁྱད་པར་རྒྱ་རིགས་མཁས་པ་དང་། རྩོམ་པ་པོ། ཆོས་དད་ཅན་སོགས་རྒྱ་རིགས་མི་མང་ནང་ལོ་རེ་བཞིན་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༡༡ ནས་ད་བར་རྒྱལ་ཁབ་ཁག་བཅུ་གྲངས་ནང་བོད་དོན་སྐོར་གྲོས་ཆོད་སོགས་འཇོག་ཐུབ་པ་བྱུང་བ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཟུང་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་འཁྲིད་གསར་པའི་སྐུ་ཚབ་དབར་འབྲེལ་མོལ་བྱེད་དགོས་པའི་རེ་འདུན་བཏོན་ཡོད། དེ་མཚུངས་རྒྱལ་ཁབ་བཅོ་བརྒྱད་ལྷག་གི་ཕྱི་སྲིད་བློན་ཆེན་ནམ་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་དང་མགྲིན་ཚབ་པ། གྲོས་ཚོགས་འཐུས་མི་བཅས་ཀྱིས་རྒྱ་ནག་གཞུང་ལ་བོད་དོན་དཀའ་རྙོག་སེལ་ཐབས་དགོས་པའི་སྐུལ་འདེབས་བྱས་ཡོད།
དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་བོད་མིའི་བདེན་དོན་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཡོངས་དང་། ཁྱད་པར་རྒྱ་གར་གཞུང་མང་གཉིས་ནས་གཡོ་བ་མེད་པའི་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དེ་མཚུངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་གང་ཟག་སྒེར་བཅས་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་མཛད་སྐབས་བཀའ་སློབ་ཕེབས་པའི་ནང་ ‘‘གཟེངས་རྟགས་འདིས་ང་ཚོས་དྲང་བདེན་དང་། སྙིང་སྟོབས། ཆོད་སེམས་བཅས་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་རྒྱུའི་ཡིད་ཆེས་བསྐྱར་ནན་བྱེད་བྱུང་།’’ ཞེས་གསུངས་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་གསེར་ཞལ་འཚོ་བཞུགས་རིང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་ངེས་ཡིན་པའི་བཀའ་བཞེས་བཟང་པོ་སྤྱི་སྩལ་བྱུང་ཡོད།
དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེས་སྒྲུབ་ཐབས་སུ་གཞིས་བྱེས་བོད་མི་ཡོངས་ནས་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་ཐོག་སྔར་ལྷག་འབད་འབུངས་ཞུ་དགོས། བོད་དོན་ནི་དྲང་བདེན་ལ་གཞི་རྩ་བཅོལ་བ་ཞིག་ཡིན་སྟབས་མཐའ་དོན་བདེན་པར་རྒྱལ་ཁ་ཐོབ་རྒྱུ་ངེས་པ་ཡིན། བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ནམ་ཡང་ཞུམ་པ་མེད་པ་མ་ཟད། དྲང་བདེན་དང་ཞི་བདེ་ནི་བོད་མི་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་བདེ་དོན་དང་འབྲེལ་བ་ཆགས་ཡོད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ད་ལྟའི་ཆར་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ས་ཁད་ཀྱི་ཆ་ནས་ང་ཚོའི་དབར་བར་ཐག་ཧ་ཅང་རིང་ཡང་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་དང་། བོད་མིའི་རང་དབང་བསྐྱར་གསོ་ཡོང་ཐབས་ཀྱི་འབད་རྩོལ་ནམ་ཡང་ལྷོད་པ་མེད་པར་མུ་མཐུད་ཞུ་རྒྱུ་ཡིན།
མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་དགོངས་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ལ།། །།