༢༠༡༣ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་བོད་དོན་རྐང་འཁོར་སྐོར་བསྐྱོད་པ་རིན་པོ་ལགས་རྡ་སར་འབྱོར་སྐབས་བཞུགས་སྒར་བོད་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་ཡང་གོང་ཚེས་ཉིན་ཕྱེད་ཡོལ་ ༣།༠༠ ཐོག་མེག་གྷན་བོད་ཁྱིམ་ཉིན་སློབ་ཀྱི་ཐང་ཆེན་དུ་རྡ་ས་ཁུལ་གྱི་ཚོགས་པ་ཁག་དང་མི་མང་ཚོས་ཕེབས་བསུའི་མཛད་སྒོ་ཚོགས་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རིན་པོ་ལགས་ཀྱིས་རླབས་ཆེན་བོད་དོན་ལས་འགུལ་སྤེལ་བར་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ། བོད་མི་རྣམས་ཀྱིས་རིན་པོ་ལགས་ཀྱིས་སྤེལ་བའི་ལས་འགུལ་ལས་མིག་དཔེ་བླངས་ཏེ་བོད་དོན་ཆེད་མ་སྐུལ་དང་བླང་ཐོག་ཆོད་སེམས་བརྟན་པོས་བོད་དོན་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་ཚོགས་གཙོ་མཆོག་གིས་བོད་དོན་ལས་འགུལ་སྤེལ་མཁན་གང་ཟག་སྒེར་པ་ཁག་གཅིག་གིས་ཀྱང་འདི་ལྟ་བུའི་བོད་དོན་ལས་འགུལ་སྤེལ་ཡོད་སྐོར་གསལ་སྟོན་གནང་བ་དང་ཆབས་ཅིག བོད་མིའི་ཆིག་སྒྲིལ་ནི་བོད་དོན་ལས་འགུལ་ལམ་ལྷོང་ཡོང་བར་ཆ་རྐྱེན་གལ་ཆེན་ཞིག་ཆགས་ཡོད་སྐོར་ནན་བརྗོད་གནང་།
སྐབས་དེར་རིན་པོ་ལགས་ཀྱིས་ཡུ་རོབ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་བ་དང་འབྲེལ། ཁོང་གིས་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་རྒྱལ་སྤྱིའི་ཐོག་གསལ་སྟོན་དང་མཁྱེན་རྟོགས་ཡོང་བ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཡོད། ཨ་རིར་གནས་སྡོད་རིན་པོ་ལགས་ཀྱིས། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནས་འགོ་བཙུགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ ༡༣ ཙམ་བརྒྱུད། ཉི་ཧོང་དང་ཐེ་ཝན། ཧོང་ཀོང་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ ༥ ཙམ་ནང་འདས་པའི་ཟླ་ངོ་ ༨ དང་ཉིན་ ༢༠ ཙམ་རིང་རྐང་འཁོར་སྐོརབསྐྱོད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་ཅིང་། ཉེ་ཆར་བལ་ཡུལ་ནང་སྐོར་བསྐྱོད་གྲུབ་རྗེས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཚོའི་མཚན་གཞུང་བསྣམས་ཏེ་རྒྱ་གར་གྱི་གནས་ཆེན་ཁག་ལ་མཇལ་སྐོར་དང་།
དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་དང་གཞིས་ཆགས་ཁག་བཅས་སུ་སྐོར་བསྐྱོད་གནང་ཡོད། སྐོར་བསྐྱོད་གནང་སྐབས་ཁོང་གིས་གྲོས་ཚོགས་འཐུས་མི་དང། བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བཅས་མཇལ་འཕྲད་ཀྱིས་བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཡུན་རིང་ཤོས་སྤེལ་མཁན་རིན་པོ་ལགས་རྡ་སར་ཕེབས་འབྱོར་དང་བསྟུན། ཁོང་གིས་རྒྱ་གར་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་མཇུག་སྒྲིལ་གནང་འདུག