༢༠༡༣ ཟླ་ ༡༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་ཟུར་པ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་Matteo Mecacci མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་པར་བསྐོ་གཞག་བྱུང་འདུག དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere ལགས་ཀྱིས་གནད་དོན་དེའི་སྐོར་གསུང་དོན།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་ཚོགས་པའི་དུས་ཚིགས་ཧ་ཅང་གལ་ཆེའི་སྐབས་འདིར་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གསར་པར་བསྐོ་གཞག་བྱུང་བར་ང་ཚོས་དགའ་སྤོབས་ཧ་ཅང་ཆེན་པོས་འཚམས་འདྲི་ཞུ་རྒྱུ་ཡིན། ངས་སྐུ་ཞབས་མེ་ཁ་ཅི་མཆོག་དང་ལྷན་ལོ་མང་རིང་ལས་ཀ་བྱས་པར་བརྟེན་ཡག་པོ་ངོ་ཤེས་ཀྱི་ཡོད། ཁོང་ནི་ཧུར་བརྩོན་ཅན་ཞིག་དང་ཐུགས་སེམས་བཟང་པོ། འཇོན་ཐང་ཅན་གྱི་དབུ་ཁྲིད་ཅིག་ཡིན།
འཛམ་གླིང་ཁྱོན་ལ་མང་གཙོ་གོང་འཕེལ་གཏོང་ཆེད་སྐུ་ཞབས་མེ་ཁ་ཅི་མཆོག་གིས་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་གྲོགས་འདྲིས་ཆེན་པོ་ཡོད་པ་དང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། ཁོང་ནི་རྒྱ་ནག་ནང་གི་ཆབ་སྲིད་དང་རིག་གཞུང་། སྤྱི་ཚོགས་སོགས་ཀྱི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད། སྐུ་ཞབས་ཁོང་ཚོགས་གཙོར་བསྐོ་གཞག་བྱུང་བ་དེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་རྒྱལ་སྤྱིའི་འབྲེལ་ལམ་དང་མང་གཙོ་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐོག་ཉམས་མྱོང་ཆེན་པོ་ཐོབ་རྒྱུ་ཡིན། ཞེས་གསུངས་ཡོད།
དེ་ཡང་ཚོགས་གཙོ་གསར་པ་མཆོག་ཇོར་ཇི་ཡའི་ Georgia ཡུལ་དུ་འོས་བསྡུ་རྟོག་ཞིབ་གནང་མཁན་ཚོགས་ཆུང་གི་ཚོགས་མི་ཡིན་པར་བརྟེན་རིང་མིན་ཡུལ་དེར་ཕེབས་ནས་ལས་དོན་གྲུབ་མཚམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོའི་ལས་འགན་བཞེས་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་ལྔའི་ལས་འཆར་བཀོད་སྒྲིག་གནང་རྒྱུ་ཡིན་འདུག
དེ་སྔ་སྐུ་ཞབས་མེ་ཁ་ཅི་མཆོག་གིས་ཊར་ཀི་ Turkey དང་ཡུ་ཀེ་རེན། Ukraine ཨུ་རུ་སུ། Russia བྷེ་ལ་རུ་སུ། Belarus ཀ་ཛ་ཀི་སི་ཐན་ Kazakhstan སོགས་རྒྱལ་ཁབ་ ༢༠ བརྒལ་བའི་ནང་འོས་བསྡུ་རྟོག་ཞིབ་ཆེད་ཕེབས་མྱོང་ཡོད། ཕྱོགས་མཚུངས་སྲོག་ཁྲིམས་ཀྱི་ཉེས་ཆད་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༠༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་འཛམ་གླིང་ཁྱོན་ཡོངས་སུ་སྲོག་ཁྲིམས་ཀྱི་ཉེས་ཆད་མེད་པ་བཟོ་རྒྱུའི་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད་པ་མ་ཟད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་འགལ་ཉེས་ཅན་པའི་ཁྲིམས་ཁང་ International Criminal Court གསར་འཛུགས་བྱ་རྒྱུར་གཞོགས་འདེགས་ཧ་ཅང་ཞུས་ཡོད། དེ་ཡང་སྐུ་ཞབས་མེ་ཁ་ཅི་མཆོག་གིས་གསུང་དོན། དེང་སྐབས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་དེ་སྔ་ལས་ཤུགས་ཆེ་རུ་གཏོང་རྒྱུ་ནི་བོད་མི་ཙམ་གྱི་ཆེད་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་དོན་དེ་དག་གིས་བདེན་པ་དང་འགྲོ་བ་མིའི་རིན་ཐང་གི་སྟོབས་ཤུགས་ནི་དྲག་པོས་གཉའ་གནོན་བྱེད་མི་ཐུབ་པའི་བརྡ་ལན་གསལ་པོ་གཏོང་བཞིན་ཡོད་པར་བརྟེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
སྐུ་ཞབས་མེ་ཁ་ཅི་མཆོག་ནི་ཨི་ཊ་ལིའི་ཕོ་ལོ་རེན་སི་ (Florence) ཞེས་པའི་གྲོང་ཁྱེར་ཧ་ཅང་སྙན་གྲགས་ཅན་ནང་འཁྲུངས་ཤིང་། དེ་རྗེས་ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་གནང་ཡོད། ཕྱི་ལོ་ ༢༠༠༨ ལོར་ཨི་ཊ་ལིའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཁོང་རེ་ཌི་ཀལ་ཆབ་སྲིད་ཚོགས་པའི་ཚོགས་གཞོན་དུ་བསྐོ་གཞག་བྱུང་རྗེས་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱུང་ཡོད། དེ་རྗེས་སྐུ་ཞབས་མེ་ཁ་ཅི་མཆོག་གི་དབུ་ཁྲིད་འོག་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐེངས་ལྔ་པ་དེ་ཚོགས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཡོད། ལྷན་ཚོགས་སྐབས་དེར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ International Network of Parliamentarians on Tibet གསར་འཛུགས་གནང་ཡོད། དེ་བཞིན་སྐུ་ཞབས་མེ་ཐུ་མེ་ཁ་ཅི་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པའི་འོས་བསྡུའི་སྐབས་རྟོག་ཞིབ་ཚོགས་ཆུང་Tibetan Election Observation Mission ནང་ཡོད་པར་བརྟེན་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རྒྱས་ཆེད་ཞབས་འདེགས་ཀྱང་ཞུས་ཡོད་པ་བཅས།།