༢༠༡༣ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༦ རེ་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ (Rajya Sabha) འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རཱ་ཇིབ་ཅནྡྲ་ཤེ་ཁར་ Mr. Rajeev Chandrasekhar ལགས་ཀྱིས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དགོང་ཚིགས་ཤིག་ཕུལ་འདུག གསོལ་སྟོན་སྐབས་རྒྱ་གར་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཁྱོན་མི་གྲངས་ ༢༠ ཙམ་ཕེབས་ཡོད་ཁོངས་ནས་རྒྱ་གར་གྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨ་ནནྡ་ཀུ་མཱར་Ananth Kumar ལགས་དང་། ཨེན་ཀེ་སིངྒ་ལགས། N. K. Singh པི་ཡུ་ཤི་གྷོ་ཡལ་Piyush Goyal ལགས། བྷེ་ཇ་ཡན་ཊི་ཇེ་པན་ཊ་ Baijayant Jay Panta ལགས། ཀན་ཝར་ཌིབ་སིངྒ་ Dr. Kanwar Deep Singh ལགས་བཅས་ཕེབས་འདུག དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནས་ཊ་ཡིན་སི་ནའོ་ Times Now ཧིན་དུ་སི་ཏན་དུས་བབ། Hindustan Times ཝ་ཤིང་ཊོན་པོ་སི་ཊི་ Washington Post རེ་ཌིཝ་ཌོཊ་ཀོམ་ Rediff.com བཅས་ཀྱི་གསར་འགོད་པ་དང་ཨིན་ཌི་ཨ་ཊུ་ཌེ་དུས་དེབ་ India Today ཀྱི་དེ་སྔའི་རྩོམ་སྒྲིག་པ་པརཱ་བྷུ་ཅ་ཨོ་ལ་ལགས་བས་མཉམ་ཞུགས་གནང་འདུག ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་སྐུ་ཞབས་རཱ་ཇིབ་ཅནྡྲ་ཤེ་ཁར་ལགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་ཕྱག་བྲིས་ཤིག་ཕུལ་བ་དེའི་ནང་འཁོད་དོན།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་བོད་མི་རྣམས་ཀྱིས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ་དེར་ང་ཚོས་སྣང་མེད་དུ་འཇོག་ཐབས་མེད། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རྒྱ་གར་གྱི་མི་མང་ནས་བོད་མི་གཞོན་སྐྱེས་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་སྟངས་དེར་དོ་སྣང་མང་ཙམ་གནང་དགོས། འཕགས་བོད་མཛའ་འབྲེལ་ཚོགས་པ་དང་བོད་ཀྱི་གནད་དོན་ཐོག་ཉེ་ལམ་རྒྱ་གར་གྲོས་ཚོགས་དང་མང་ཚོགས་ཀྱིས་དོ་སྣང་ཆུང་དུ་ཕྱིན་པ་དེ་སླར་གསོ་བྱ་དགོས། ངས་བསམས་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་པ་མ་ཟད། དཀའ་རྙོག་རྣམས་འཚེ་མེད་ཞི་བ་དང་གྲོས་མོལ་ལམ་ནས་སེལ་དགོས་པ་གྲོས་ཚོགས་དང་འཛམ་གླིང་གང་སར་ལམ་སྟོན་མཛད་མཁན་ཞིག་ཡིན།
དེར་བརྟེན་ཁོང་གྲོས་ཚོགས་ནང་གདན་འདྲེན་ཞུས་ནས་འཛམ་གླིང་ནང་དཀའ་ངལ་སེལ་ཐབས་སྐོར་སོགས་ཀྱི་གནད་དོན་ཐོག་ཁོང་གི་དགོངས་བཞེས་ཇི་ཡིན་ཐོག་བཀའ་སློབ་སྩལ་རྒྱུའི་གོ་སྐབས་འབུལ་ལམ་ཞུ་ན་ཧ་ཅང་འོས་འཚམས་ཆེ་བ་ཞིག་ཡིན་པ་བསམ་བཞིན་ཡོད། ང་ཚོ་མང་གཙོའི་རྒྱལ་ཁབ་གཅིག་ཡིན་སྟབས་མི་མང་གི་བསམ་ཚུལ་གང་ཡིན་མི་མང་གི་སྐུ་ཚབ་མཚོན་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྟོགས་དགོས། དེར་བརྟེན་འཐུས་མི་རྣམས་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་འགྲེལ་བརྗོད་ཇི་ལྟར་ཐུབ་མིན་ནི་གནད་དོན་དེ་དག་སྐོར་གོ་རྟོགས་ཇི་ཙམ་གསལ་རྟོགས་ཡོད་མེད་ལ་རག་ལུས་ཡོད། ཅེས་གསུངས་པ་མ་ཟད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་རྒྱུན་ལས་དང་ལྷན་མཇལ་འཕྲད་ཆེད་གདན་ཞུ་གནང་དགོས་སྐོར་སོགས་འཁོད་ཡོད།