༢༠༡༣ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་འབིར་དང་ཅོན་ཏ་ར་གཞིས་ཆགས་ཁུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༤ འཁོར་བའི་དུས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་འབིར་དང་ཅོན་ཏ་ར་བོད་མིའི་གཞིས་ཆགས་དང་སློབ་གྲྭ དགོན་སྡེ་ཁག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཉིན་མོའི་མཛད་སྒོ་ཚོགས་གྲུབ་བསྟུན། སླར་ཡང་སུ་ཇ་བོད་ཁྱིམ་སློབ་གྲྭར་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་འབིར། ཅོན་ཏ་རར་གནས་འཁོད་བོད་མི་རྣམས་དང་རྒྱ་གར་ཡུལ་མི་མཉམ་འཛོམས་ཀྱིས་གོང་གསལ་མཛད་སྒོ་གཟབ་རྒྱས་ཚོགས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོར་སྦིར་རྙིང་མ་དཔལ་ཡུལ་ཆོས་འཁོར་གླིང་དགོན་པའི་སྐྱབས་རྗེ་མཆོག་སྤྲུལ་རི་མགོ་སྤྲུལ་སྐུ་མཆོག་གིས་འཕགས་བོད་དབར་གྱི་འབྲེལ་ལམ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་ཡོད། དེ་བཞིན་འཕགས་བོད་མཛ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀ་ཇི་ཇཱམ་ཝལ་Mr. Pankaj Jamwal ལགས་ཀྱིས་རྒྱ་གར་ཡུལ་མི་ཚོར་༸གོང་ས་མཆོག་གི་མཛད་རྗེས་སྐོར་ངོ་སྤྲོད་དང་འབྲེལ་མ་འོངས་ཚོགས་པ་འདིའི་ནང་རྒྱ་གར་ཡུལ་མི་གང་མང་འཛུལ་ཞུགས་ཆེད་འབད་བརྩོན་བྱེད་ཀྱི་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། སྐབས་དེར་སྡེ་དགེ་ས་གནས་འགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་སུ་ཇ་བོད་ཁྱིམ་གྱི་དགེ་ལས་ཁག་གཅིག་གིས་དུས་ཆེན་སྲུང་བརྩིའི་སླད་གཞས་སྣ་འཁྲབ་སྟོན་གནང་ཡོད།