༢༠༡༣ ཟླ་ ༡༢ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་སྐོར་གསུང་དོན། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་འབྲེལ་བའི་གསལ་བསྒྲགས་ཞུ་རྒྱུར། འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཉིན་དབུ་འཛུགས་ཀྱིས་ད་ཆ་ལོ་གཉིས་པ་མཇུག་བསྒྲིལ་རྒྱུའི་མཚམས་ལ་བསླེབས་ཡོད། དེར་བརྟེན་ད་ཆ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ཚིག་ཁ་ཤས་ཞུས་ན། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཐོག་མར་འགོ་འཛུགས་གནང་སྐབས། ལོ་དང་པོར་མི་བརྒྱད་སྟོང་ཙམ་གྱིས་མཉམ་ཞུགས་བྱས་འདུག ལོ་གཉིས་པར་ཁྱོན་མི་གྲངས་ཆིག་ཁྲིས་མཉམ་ཞུགས་བྱས་ཡོད། ལོ་གཉིས་པའི་ནང་མི་ཁྲི་གཅིག་གི་བསྡུ་ཆ་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚན་པར་ཁྱོན་ཧིན་སྒོར་འབུམ་བདུན་ཅུ་དོན་དགུ་ལྷག་ཙམ་བྱུང་འདུག
འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་འདིའི་འོག་ཚོགས་མི་ ༤༣༥ ལ་ཁེ་ཕན་བསྐྲུན་ཐུབ་པ་བྱུང་ཡོད། ད་ཆ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་འོག་ཡོད་པའི་ཚོགས་མི་ ༢༠༠ ལྷག་ཙམ་ལ་སྨན་དོད་སྤྲོད་བསྡད་ལྷག་ཡོད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་མཇུག་བསྒྲིལ་རྒྱུར་ད་དུང་ཟླ་བ་གསུམ་ཙམ་ལྷག་ཡོད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཐོག་མར་བཀའ་ཤག་སྐབས་ ༡༣ པའི་སྐབས་དམིགས་བསལ་གྱི་ཛ་དྲག་སྨན་བཅོས་ཀྱི་མང་ཚོགས་ལ་ཕན་ཐོགས་མེད་པར་བརྟེན། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་གཏན་ལ་ཕབ་པ་ཞིག་ཡིན། དེ་ནས་བཀའ་ཤག་སྐབས་ ༡༤ པ་ཕེབས་ནས་ལས་གཞི་འདི་མུ་མཐུད་ནས་ལག་བསྟར་གནང་ཡོད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་དབུ་འཛུགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་ནང་བཞུགས་མཁན་མང་ཚོགས་ལ་སྨན་བཅོས་རིམ་པ་གཉིས་པ་གསུམ་པའི་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་མེད་པར་བརྟེན། མང་ཚོགས་ལ་དཔལ་འབྱོར་གྱི་རྒྱབ་རྟེན་གང་ཐུབ་བསྐྲུན་ཏེ་ཕན་ཐོགས་ཡོང་ཆེད་བཙུགས་པ་ཞིག་རེད། ལས་གཞི་འདིའི་ཐོག་མའི་དམིགས་ཡུལ་མི་ཁྲི་གཉིས་ཙམ་དམིགས་ཚད་བཟུང་ཡོད། དམིགས་ཚད་བཟུང་བ་བཞིན་སྨན་བཅོས་ལྟ་སྐྱོང་གི་བསྡུ་ཆ་དང་ཐོབ་ཆ་དེ་དག་ཁྲི་གཉིས་ལ་དཔགས་པའི་རྩིས་བརྒྱབ་ཡོད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདིའི་འོག་ཉུང་མཐར་ཚོགས་མི་ཁྲི་གཉིས་ལོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་གནས་མ་གནས་ནི་ཚོགས་མི་མང་ཚོགས་ནས་ལས་གཞི་འདིའི་ནང་མཉམ་ཞུགས་བྱེད་མ་བྱས་ལ་རག་ལུས་ཡོད། ཟླ་བ་གསུམ་གྱི་ནང་ང་ཚོའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལོ་གཉིས་པ་དེ་མཇུག་བསྒྲིལ་འགྲོ་གི་ཡོད།
སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལོ་གསུམ་པ་དེ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ནས་འགོ་འཛུགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༤ ཟླ་ ༡ ནང་བོད་མི་མང་ཆེ་བ་དགུན་ཚོང་རྒྱག་ཏུ་ས་གནས་གཞན་དུ་ཡོད་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་བོད་མི་སུད་ཚོང་རྒྱག་སའི་ས་གནས་ཁག་ཏུ་བསྐྱོད་དེ་ལས་འདིའི་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག ཚོགས་ཞུགས་བསྡུ་དངུལ་བསྡུ་རུབ་བྱེད་རྒྱུའི་ལས་གཞི་ཞིག་བང་བསྒྲིགས་ཡོད། ཕྱི་ཟླ་གཉིས་པ་དང་གསུམ་པའི་ཟླ་དཀྱིལ་བར་བོད་མིའི་གཞིས་ཆགས་ཁག་དང་ཁ་ཐོར་མི་མང་ཁྲོད་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། ཚོགས་ཞུགས་བསྡུ་དངུལ་བསྡུ་རུབ་བྱེད་རྒྱུའི་ལས་གཞི་ཞིག་བང་བསྒྲིགས་ཡོད། དེར་བརྟེན་མང་ཚོགས་ཀྱི་ངོས་ནས་རང་དོན་རང་གཅེས་གནང་སྟེ་སོ་སོའི་འཕྲོད་བསྟེན་གལ་ཆེར་རྩིས་ཏེ་མ་འོངས་པར་འཕྲོད་བསྟེན་གྱི་དཀའ་ངལ་ཛ་དྲག་འཁེལ་སྐབས། སྲུང་སྐྱོབ་བྱེད་ཆེད་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནང་ཚང་མས་འཛུལ་ཞུགས་ནང་རོགས་ཞུ་རྒྱུ་ཡིན། དེ་རིང་གི་གོ་སྐབས་འདི་བླངས་པའི་ཐོག་ནས་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྨན་ཁང་གི་འགན་འཛིན་རྣམ་པས་ལས་འགུལ་སྤེལ་སྐབས། མི་མང་ཚང་མས་ལས་གཞི་འདིའི་ནང་འཛུལ་ཞུགས་གནང་རོགས། ཞེས་ཞུ་རྒྱུ་ཡིན།
གཉིས་པ། ཕྱི་རྒྱལ་ཁག་ལ་ང་ཚོའི་བོད་མི་མང་པོ་ཞིག་བཞུགས་བཞིན་ཡོད་པ་ཚོས་ཕ་མ་སྤུན་ཉེ་གཞིས་ཆགས་ཁག་ནང་ཡོད་པ་རྣམས་སྨན་བཅོས་ལྟ་སྐྱོང་གི་ཚོགས་དངུལ་བསྡུ་ཆའི་ཐོག་ཕན་ཚུན་རོགས་པ་གནང་སྟེ། རྒྱ་གར་ནང་གི་བོད་མི་གང་མང་ལས་གཞི་འདིའི་ནང་འཛུལ་ཞུགས་གནང་རྒྱུར་རོགས་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ཕྱི་རྒྱལ་ཁག་ཏུ་ཡོད་པའི་དོན་གཅོད་ཁག་ལ་དམིགས་བསལ་འབོད་སྐུལ་ཞུ་རྒྱུར། དོན་གཅོད་རྣམ་པ་ཚོའི་ངོས་ནས་ས་གནས་སོ་སོའི་བོད་རིགས་ཚོགས་པ་ཡོད་པ་དེ་དག་བརྒྱུད་སོ་སོའི་གཞིས་ཆགས་ནང་ཡོད་པའི་ཕ་མ་སྤུན་ཉེ་དང་གྲོང་པ་དེ་དག་ལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདིའི་འོག་འཛུལ་ཞུགས་བྱེད་རྒྱུར་རོགས་སྐྱོར་གནང་རྒྱུ་དང་། གོ་རྟོགས་སྤེལ་བའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུར་ཚང་མས་ཤུགས་སྣོན་རྒྱག་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་ཕྱི་ལོ་ ༢༠༡༤ གཞིས་བྱེས་བོད་མི་ཡོངས་རྫོགས་སྐུ་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།