༢༠༡༣ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བུད་མེད་ཀྱི་འགན་ཁུར་སྣེ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་བོད་མིའི་གཞིས་ཆགས་ཁག་ ༢༡ ནས་ས་གནས་འགོ་འཛིན་སོགས་ཁྱོན་བུད་མེད་ ༢༨ བརྒལ་བ་ལྷན་འཛོམས་ཀྱི་དབུས་སུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ཚང་མར་འཚམས་འདྲི་དང་འབྲེལ་ང་རང་སྒེར་གྱི་བསམ་ཚུལ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཚན་པ་ལོགས་སུ་འཛུགས་རྒྱུ་དང་། བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་ནས་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་སྲིད་བྱུས་དོན་ཚན་བརྒྱད་བཏོན་ཡོད། དེ་རིང་གཙོ་བོ་བོད་ཀྱི་བུད་མེད་ཀྱི་སྣེ་ཁྲིད་མདུན་སྐྱོད་ཟབ་སྦྱོང་གནང་གི་ཡོད། དེ་ནི་ནམ་རྒྱུན་གྱི་ཟབ་སྦྱོང་དང་མི་འདྲ་བ་གལ་ཆེན་པོ་མཐོང་བྱུང། བུད་མེད་ཀྱི་ནུས་ཤུགས་ཚན་པས་གཞིས་ཆགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཚན་པ་མང་པོའི་ནང་ཟབ་སྦྱོང་གནང་འདུག བུད་མེད་ཀྱིས་སྣེ་འཁྲིད་ཐུབ་རྒྱུའི་ཟབ་སྦྱོང་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་བུད་མེད་ནང་ལ་སྣེ་འཁྲིད་མཁན་མེད་པ་དེ་འདྲ་གང་ཡང་མ་རེད། དེང་སྐབས་ཀྱི་འགྲོ་ལུགས་ཐོག་ནས་ཟབ་སྦྱོང་སྤྲོད་དགོས་རྒྱུ་ནི་གནད་འགག་ཆེན་པོ་ཆགས་ཡོད། བཀའ་ཤག་སྐབས་བཅུ་གཉིས་པས་བུད་མེད་ནུས་ཤུགས་སྤེལ་བའི་སྲིད་བྱུས་དོན་ཚན་བརྒྱད་བཏོན་ཡོད་པའི་ཁོངས་ནས་ཟབ་སྦྱོང་སྣེ་མང་གནང་འདུག ད་ལྟའི་བཀའ་ཤག་གིས་བུད་མེད་ཀྱི་འགོ་ཁྲིད་མཁན་ཕྲན་བུ་མང་དུ་འགྲོ་ཆེད་ས་གནས་འགོ་འཛིན་དུ་གཏོང་རྒྱུའི་འབད་བརྩོན་དང་འབྲེལ་དཀའ་ངལ་རིམ་པ་མང་པོ་བྱུང་ཡོད།
དེང་སྐབས་བུད་མེད་ཀྱི་ས་གནས་འགོ་འཛིན་གནང་མཁན་ཕྲན་བུ་མང་དུ་ཕྱིན་པ་ལྟ་བུ་འདུག སྤྱི་ཡོངས་དཔལ་འབྱོར་ལས་ཁུངས་ནས་འབྲེལ་མཐུད་གནང་བཞིན་ཡོད་པ་རེད་མ་གཏོགས་སྒྲིག་འཛུགས་ངོས་ནས་ལས་ཁུངས་ཚན་པ་བྱེ་བྲག་པ་མང་དག་ཅིག་དང་རང་བཞིན་གྱིས་ལས་ཀའི་ཐོག་ནས་འབྲེལ་བ་ཆགས་ཀྱི་ཡོད། སྤྱིར་བཏང་སྐུ་སྐྱེས་མ་ཚོ་སྤྱི་ཚོགས་ནང་གྲུབ་ཆ་གལ་ཆེན་པོ་ཞིག་ཆགས་ཡོད། འགྲོ་བ་མི་སུ་ཡིན་རུང་མས་བྱམས་ཀྱི་བསྐྱངས་ཏེ་འཚར་ལོངས་ཡོང་གི་ཡོད། དེ་སྔའི་ང་ཚོ་བོད་པའི་སྤྱི་ཚོགས་ནང་རྒྱབ་ཤིག་བརྒྱབ་ནས་བལྟས་པ་ཡིན་ནའང་འདྲ། ད་ལྟའི་བཙན་བྱོལ་ནང་གི་གནས་བབ་ཐོག་ནས་བལྟས་པ་ཡིན་རུང། ཁྱིམ་ཚང་རེ་ཟུང་ནང་ཡོད་སྲིད་པ་རེད་མ་གཏོགས་སྤྱི་ཚོགས་ཁྱོན་ཡོངས་ནས་བུད་མེད་ལ་མཐོང་ཆུང་དང་བརྙས་བཅོས་བྱ་རྒྱུ་དེ་སྔ་བྱུང་མི་འདུག་ལ་ད་ལྟ་ཡང་ཡོད་པ་མ་རེད་བསམས་ཀྱི་ཡོད། བོད་པའི་སྤྱི་ཚོགས་འདི་ཆོས་དང་འབྲེལ་བའི་ཚོར་བ་གཏིང་ཟབ་ཡོད་པ་ཞིག་རེད། དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཆེ་ཤོས་སྤྱི་ཚོགས་ནང་ཆུང་དུས་ནས་བྱམས་བརྩེ་མ་འདང་བའི་དབང་གིས་ཕྲུ་གུ་འཕྲོ་བརླག་ཕྱིན་ཏེ། སྤྱི་ཚོགས་ནང་ཞི་བདེ་མེད་པའི་གནས་སྟངས་མང་དག་ཅིག་ཡོང་བཞིན་ཡོད། དེར་བརྟེན་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་བྱམས་ཀྱིས་སྐྱོང་དགོས་པ་མ་ཟད། ཕྲུ་གུར་བྱམས་བརྩེའི་གོམས་འདྲིས་བསྟེན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ནས་ཟབ་སྦྱོང་དབུ་འཛུགས་གནང། ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༡༧ ནས་ ༡༩ བར་འཚོགས་རྒྱུ་ཡིན་འདུག
དེ་ཡང་ཟབ་སྦྱོང་འདིའི་ཐོག་འབྲེལ་ཡོད་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་ས་གནས་འགོ་འཛིན་གནང་བཞིན་པ་ཁྱོན་མི་གྲངས་ ༤༥ ཡོད་ཁོངས་ནས་བུད་མེད་ལྔ་ལས་མེད་པར་བརྟེན། ཐེངས་འདིར་བུད་མེད་ཀྱི་སྣེ་ཁྲིད་མདུན་སྐྱོད་ཟབ་སྦྱོང་ཉིན་གསུམ་རིང་གོ་སྒྲིག་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་ནས་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་སྲིད་བྱུས་དོན་ཚན་བརྒྱད་བཏོན་ཡོད། དེ་སྔོན་བུད་མེད་ས་གནས་འགོ་འཛིན་གནང་མཁན་གཅིག་ཀྱང་མེད། འོན་ཀྱང་ད་ཆ་བུད་མེད་ནུས་ཤུགས་སྤེལ་རྒྱུའི་སྲིད་བྱུས་གཏན་ལ་ཕབ་རྗེས་ས་གནས་འགོ་འཛིན་ལྔ་ད་ཆ་བུད་མེད་ཡིན། སྤྱིར་བཀའ་ཤག་གི་ལམ་སྟོན་ལྟར་ན་ས་གནས་འགོ་འཛིན་བརྒྱ་ཆ་ ༣༣ བུད་མེད་ཡིན་དགོས་པར་བརྟེན། ང་ཚོར་ད་དུང་མདུན་སྐྱོད་བྱེད་དགོས་པའི་ལམ་ཐག་རིང་པོ་ཞིག་ཡོད། ཞེས་སོགས་འཁོད་ཡོད། དེ་ཡང་ཟབ་སྦྱོང་ཉིན་དང་པོའི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་མ་ཟད། ཟབ་སྦྱོང་ཉིན་གཉིས་རིང་ཟབ་ཁྲིད་པ་གཙོ་བོ་ནི་དིལླིར་རྟེན་གཞི་བྱས་པའི་ཧོ་ལི་སི་ཊིག་བསྟི་གནས་ཁང་ Holistic Training Solutions ནས་ལྕམ་སྐུ་ལི་ཡན་ཌ་ཨོ་ལེབ་ཆ་Ms. Lynda O Lepcha ལགས་ཀྱིས་རང་གཞན་གཉིས་སྣེ་ཁྲིད་ཇི་ལྟར་དགོས་མིན་དང་། ཉིན་གསུམ་པའི་སྐབས་ཟབ་ཁྲིད་པ་ལྕམ་ཨ་བྷ་བྷ་ཡ་ Ms. Abha Bhaiya ལགས་ཡིན་འདུག ཁོང་ནི་རྡ་ཤོད་ཀྱི་ཉེ་འཁྲིས་སིདྷ་བྷཱ་རིར་ Siddhbari རྟེན་གཞི་བྱས་པའི་ཇ་གོ་རི། Jagori ཞེས་པའི་བུད་མེད་ནུས་ཤུགས་འཕེལ་རྒྱས་བསྟི་གནས་ཁང་འཛུགས་མཁན་ཡིན་པ་དང་། བསྟི་གནས་ཁང་དེ་ནི་རྒྱ་གར་ནང་བུད་མེད་ནུས་ཤུགས་འཕེལ་རྒྱས་བསྟི་གནས་ཁང་རྙིང་ཤོས་གྲས་ཤིག་ཡིན་འདུག དེར་བརྟེན་ཟབ་སྦྱོང་ཉིན་གསུམ་པ་དེ་སིདྷ་བྷཱ་རིར་ཇ་གོ་རི་གྷ་རཱ་མིན་ Jagori Grameen ཞེས་པ་དེར་འཚོགས་རྒྱུ་ཡིན་འདུག