༢༠༡༣ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་བལ་ཡུལ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༤ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་དུ་རིས་མེད་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་དང་། ལས་སྣེ་སྐུ་ཚབ་རྣམ་པ། ཕྱོགས་བཞུགས་བོད་མི་མང་གི་སྤྱི་ཟུར་རྣམ་པ། ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པ། ས་གནས་འགོ་འཛིན་རྣམ་པ། གཞུང་ཞབས་ཟུར་པ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། སློབ་གྲྭ་ཁག་གི་དབུ་འཛིན་སློབ་སྤྱི་དགེ་ལས་རྣམ་པ། ཧི་མཱ་ལ་ཡའི་ཆོས་དང་རིག་གཞུང་གཅིག་གྱུར་གྱི་སྤུན་གྲོགས་རྣམ་པ། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགོ་འཛིན་རྣམ་པ། སློབ་ཕྲུག་དང་སེར་སྐྱ་མི་མང་ཁྱོན་བསྡོམས་མི་གྲངས་ཆིག་སྟོང་ཙམ་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་དགོན་དུ་འདུ་འཛོམས་ཀྱིས། དགེ་འདུན་རྣམ་པས་སེར་ཕྲེང་དང་བལ་ཡུལ་ལྷ་མོ་ཚོགས་པའི་རྟེན་འབྲེལ་བཀྲིས་ཞོལ་པ་དང་ལྷ་ཀླུ་གཞས་མས་བཀྲ་ཤིས་པའི་གླུ་དབྱངས་གྱེར་བཞིན་དགོན་པའི་འདུ་ཁང་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་དུང་རྒྱ་སེར་ཕྲེང་དང་བཅས་བཞུགས་ཁྲིར་མངའ་གསོལ་ཞུས། དེ་ནས་སྐྱབས་གནས་བླ་སྤྲུལ་དགེ་འདུན་རྣམས་ནས་འཁྲུས་གསོལ་དང་། བལ་ཡུལ་དོན་ཁང་གི་འབྲེལ་མཐུད་པ་དང་། བླ་སྤྲུལ་བཅས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྡྲལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ཆེད་བཅར་སྐུ་མགྲོན་དང་མི་མང་ཡོངས་ནས་༸རྒྱལ་བའི་སྐུ་པར་མཇལ་ཁ་ཞུས་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་བསིལ་ཕུལ། རིམ་བཞིན་བལ་དོན་འབྲེལ་མཐུད་པ་དང་བལ་དོན་དྲུང་ཆེ་གཉིས་ཀྱིས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་སྒྲོགས་སྦྱང་དང་བལ་དོན་འབྲེལ་མཐུད་པས་འཚམས་འདྲི་དང་སྦྲགས་སྙིགས་དོར་བཅུད་ལེན་གྱི་གསུང་བཤད་མདོར་བསྡུས་ཤིག་གནང་།
དེ་ནས་ཇི་ལྟར་གོ་སྒྲིག་ཚོགས་ཆུང་གིས་རེ་སྐུལ་ཞུས་པ་ལྟར་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་འཛམ་གླིང་རྒྱན་གཅིག་སྤྱི་ནོར་༸གོང་ས་མཆོག་གི་བླ་མེད་མཛད་འཕྲིན་ལ་གཟེངས་བསྟོད་རྟེན་འབྲེལ་མཚོན་བྱེད་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུས་གྲུབ་མཚམས། ཀི་བསོ་ལྷ་རྒྱལ་འཐེན་སྟེ་གཞུང་འབྲེལ་མཛད་སྒོ་དཔལ་དང་རྒྱལ་ཁའི་ངང་མཇུག་བསྒྲིལ། འོན་ཀྱང་མི་མང་རྣམས་ནས་དགའ་སྤྲོའི་ངང་དགོན་པའི་དོ་རར་ལྡོག་སྒྲ་གཅིག་སྒྲིལ་གྱིས་ཡུན་རིང་སྒོར་གཞས་འཁྲབ། ཉིན་དེར་བལ་ཡུལ་ཉེན་རྟོག་པས་རྒྱང་བལྟ་ཙམ་ལས་མཛད་སྒོར་དངོས་སུ་འགོག་རྐྱེན་རིགས་ཀྱི་བྱ་སྤྱོད་གང་ཡང་སྤེལ་མེད་པས་བལ་ཡུལ་གནས་བཞུགས་བོད་མི་རྣམས་ལ་ཉིན་དེ་ཤིན་ཏུ་ནས་སྤྲོ་བ་ལྡན་པ་ཞིག་ཏུ་འགྱུར།།