༢༠༡༣ ཟླ་ ༡༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་དེ་སྔ་ཡུལ་དེར་དབྱིན་ཇིས་དབང་བསྒྱུར་བྱེད་སྐབས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་ལམ་ནས་ཞི་རྒོལ་གནང་མཁན་གྱི་དབུ་ཁྲིད་སྐུ་ཞབས་ནེལ་སོན་མན་ཌེ་ལ་ Nelson Mandela མཆོག་དགུང་གྲངས་ ༩༥ ཐོག་འདས་གྲོངས་སུ་གྱུར་བར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ ཉིན་དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེས་འཛམ་གླིང་འདིའི་ནང་ཕུལ་བྱུང་གི་དབུ་ཁྲིད་གཅིག་མེད་པར་གྱུར་བ་དང་། ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་དམ་པ་ཁོང་གིས་དྲང་བདེན་དང་འཚེ་མེད་ཞི་བའི་ལམ་ནས་ཆོད་སེམས་བརྟན་པོས་ལས་འགུལ་སྤེལ་ནས་རྒྱལ་ཁ་ཐོབ་པ་མ་ཟད། དེ་རྗེས་དམ་པ་ཁོང་གི་དབུ་ཁྲིད་འོག་ལྷོ་ཨ་ཕི་རི་ཀའི་ནང་འཁོན་འཛིན་སྤང་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ནས་ཡར་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་ཕྱིན་ཡོད། ངོས་རང་སྒེར་ལ་མཚོན་ན་དམ་པ་ཁོང་ནི་ངོས་ཀྱིས་གུས་བརྩི་དང་ཡི་རང་ཧ་ཅང་ཞུ་སའི་མཛའ་འབྲེལ་དམ་ཟབ་ཡོད་པའི་གྲོགས་པོ་ཞིག་ཡིན།
དེར་བརྟེན་ངོས་ཀྱིས་བར་ལམ་དམ་པ་ཁོང་སླར་ཡང་མཇལ་རྒྱུའི་རེ་བ་བྱས་ཀྱང་དེ་ལྟར་བྱུང་ཐུབ་མེད། དམ་པ་ཁོང་ནི་སྐྱེས་བུ་སྙིང་སྟོབས་ཅན་ཞིག་དང་ལྟ་གྲུབ་ཡོད་མཁན། དེ་བཞིན་ལྷག་བསམ་རབ་ཏུ་དཀར་བའི་སྐྱེས་བུ་དམ་པ་ཞིག་ཡིན། དེར་བརྟེན་ཁོང་གིས་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་གི་ཐོག་བསྐྱལ་གནང་ཡོད། ཅེས་ང་ཚོས་ཁ་ཞེ་གཉིས་མེད་ཐོག་བརྗོད་ཆོག་པ་མ་ཟད། ངོས་ཀྱིས་དམ་པ་ཁོང་ལ་སྨོན་ལམ་ཞུས་པ་དང་སྦྲགས། ཤུལ་ལུས་ནང་མི་སྤུན་མཆེད་དང་ལྷོ་ཨ་ཕི་རི་ཀའི་མི་མང་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ད་ཆ་སྐུ་ཞབས་མན་ཌེ་ལ་མཆོག་གི་སྐུ་ལུས་འཇིག་རྟེན་འདི་ནས་ཞལ་བྲལ་ཟིན་ཡང་ཁོང་གི་སྙིང་སྟོབས་མུ་མཐུད་གནས་རྒྱུ་ཡིན།
ང་ཚོས་དམ་པ་ཁོང་ལྟར་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་རྒྱུར་གྱི་འདུ་ཤེས་འཛིན་ཏེ་འཚེ་མེད་ཞི་བ་དང་འཁོན་འཛིན་སྤངས་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱ་རྒྱུ་ནི་དམ་པ་ཁོང་ལ་ཆེ་བསྟོད་མཆོག་ཏུ་འགྱུར་བ་ལྟ་བུ་ཆགས་རྒྱུ་ཡིན། ཞེས་འཁོད་གསུང་འཕྲིན་སྩལ། གསུང་འཕྲིན་ངོ་མ་དབྱིན་ཐོག་ཡོད་པ་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།