༢༠༡༣ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། གྲོང་ཁྱེར་ཉེ་འདབས་ཀྱི་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་གིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ནིའུ་ཡོཀ་གྲོང་ཁྱེར་ནང་”དྲུག་བཞིའི་དོན་རྐྱེན་” བྱུང་ནས་ལོ་ཉེར་ལྔ་འཁོར་སྐབས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འཆར་གཞི་གསལ་བསྒྲགས་བྱེད་པའི་གསར་འགོད་ཚོགས་འདུ་ཤིག་སྐོང་འཚོགས་གནང་ཞིང་། ཚོགས་འདུ་གོ་སྒྲིག་གནང་་མཁན་མང་གཙོ་དོན་གཉེར་གནང་མཁན་རྒྱ་རིགས་ཤེས་ཡོན་ཅན་ཚོས་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཚོགས་འདུར་གཏམ་བཤད་གནང་བར་གདན་ཞུའི་མགྲོན་འབོད་གནང་བ་ལྟར། ཁོང་གིས་གཏམ་བཤད་མདོར་བསྡུས་ཤིག་གནང་ཡོད།
ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་ནང་དངོས་སུ་ཞུགས་མྱོང་མཁན་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་མཁས་དབང་ཝང་ཅུན་ཐའོ་དང་། སྲིད་དོན་དབྱེ་ཞིབ་པ་ཧུའུ་ཕིང་། ཁྲིམས་རྩོད་པ་ཤང་ཞའོ་ཇི་སོགས་རྒྱ་རིགས་ཤེས་ཡོན་ཅན་དང་། གསར་འགོད་པ་བཅས་ཁྱོན་མི་གྲངས་དྲུག་ཅུ་ཙམ་ཚོགས་འདུ་དེར་མཉམ་ཞུགས་གནང་ནས་དྲུག་བཞིའི་དོན་རྐྱེན་སྐོར་གཏམ་བཤད་གནང་ཡོད།
ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་གསར་འགོད་ཚོགས་འདུ་དེའི་ཐོག་གསུང་བཤད་གནང་དོན།
མཛའ་བརྩེ་ལྡན་པའི་རྒྱ་རིགས་གྲོགས་པོ་རྣམས་ལ། ད་དུང་ཟླ་བ་དྲུག་སོང་ན། དྲུག་བཞིའི་གནམ་བདེ་སྒོ་མོའི་དོན་རྐྱེན་བྱུང་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་གྱི་ཡོད་པའི་དུས་འདིར། དྲུག་བཞིའི་དོན་རྐྱེན་དངོས་སུ་བརྒྱུད་མྱོང་མཁན་ཁྱེད་རྣམ་པས་གཞི་རྒྱ་ཆེ་བའི་ཞི་བའི་ལས་འགུལ་འཆར་གཞི་སྒྲིག་བཞིན་ཡོད་པར། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱབ་སྐྱོར་དང་། གདེང་འཇོག་ཞུ་གི་ཡོད། ངའི་བསམས་པར། ཁྱེད་ཚོས་ལོ་ལྟར་དྲུག་བཞིའི་དུས་ཚིགས་དྲན་གསོ་བྱེད་སྐབས། ༡༩༨༩ ལོར་འདས་གྲོངས་སུ་གྱུར་བ་རྣམས་ལ་དྲན་གསོ་ཞུ་བཞིན་ཡོད་པ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ནི་དོན་རྐྱེན་འདིའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོར་དྲན་གསོ་བྱེད་ཀྱི་ཡོད་པར་ངོས་འཛིན་ཞུ་གི་ཡོད།
དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ཉེར་ལྔ་འཁོར་བའི་དྲན་གསོའི་ལས་འགུལ་གྱི་འཆར་གཞི་རྣམས་རྒྱལ་སྤྱིའི་རང་བཞིན་གྱི་མང་གཙོའི་ལས་འགུལ་ཞིག་ཆགས་ཐུབ་མིན་དང་། འཛམ་གླིང་མི་རྣམས་ཀྱིས་གདེང་འཇོག་ཆེན་པོ་བྱེད་པའི་ལས་འགུལ་ཞིག་ཆགས་ཐུབ་མིན། དེ་ལས་གལ་ཆེ་བ་ཞིག་ལ་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་པའི་ལས་འགུལ་ཞིག་ཆགས་ཐུབ་མིན་གྱི་འགག་རྩ་ནི། འཛམ་གླིང་ས་གནས་ཁག་ཏུ་གནས་པའི་མང་གཙོ་དོན་གཉེར་བྱེད་མཁན་ཚོགས་པ་ཡོངས་རྫོགས་དབར་ཕན་ཚུན་ཡིད་གཏིང་ནས་མཉམ་ལས་གནང་ཐུབ་མིན་དང་། ཐུན་མོང་གི་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་ལ་རག་ལུས་ཡོད། ངའི་ངོས་འཛིན་ལ། ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་བརྒྱུད་མྱོང་མཁན་སློབ་ཕྲུག་གི་འགོ་ཁྲིད་ཚོ་དང་། དེ་བཞིན་ལུས་པོ་མི་ཡུལ་ལུང་པར་ཡོད་ཀྱང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུའི་བྱ་བཞག་ལ་ཡུན་རིང་འབད་བརྩོན་གནང་མཁན་འདིར་ཡོད་པ་དང་། མེད་པ་ཚོས་དྲུག་བཞིའི་དོན་རྐྱེན་མ་བརྗེད་པ་དང་། གཞོན་སྐྱེས་མི་རབས་རྣམས་ཀྱི་སེམས་ནང་དྲུག་བཞིའི་དོན་རྐྱེན་གྱི་ལོ་རྒྱུས་ཀྱི་དོན་སྙིང་ཤེས་རྟོགས་ཡོད་པ་ཞིག་བཟོ་ཐུབ་པ་ཡིན་ན། དུས་སང་ལོ་ཉེར་ལྔ་འཁོར་བའི་སྐབས་ཀྱི་ལས་འགུལ་རྣམས་ཡག་པོ་ཡོང་བའི་ཡིད་ཆེས་བྱེད་བཞིན་ཡོད།
ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༤ སྔ་ནུབ་ཏུ་དྲུག་བཞིར་དྲན་གསོ་བྱེད་པའི་ལས་འགུལ་སྤེལ་བ་མཐོང་སྐབས། རྒྱ་ནག་གི་ལོ་རྒྱུས་ཐོག་གུ་ཡངས་ཆེ་ཤོས་དང་། བསམ་ཤེས་ཆེ་ཤོས། བོད་དོན་ཐོག་དངོས་ཐོག་བདེན་འཚོལ་གྱི་དགོངས་པ་བཞེས་མཁན་ཡིན་པའི་དབུ་ཁྲིད་ཞིང་གཤེགས་ཧུའུ་ཡའོ་པང་དང་། ཀྲའོ་ཙེ་ཡང་གཉིས་ངའི་ཡིད་ལ་འཁོར་གྱི་འདུག དྲུག་བཞིའི་གནམ་བདེ་སྒོ་མོའི་དོན་རྐྱེན་བྱུང་རྗེས་ཕ་རན་སིའི་རྒྱལ་ས་པའེ་རི་སིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པེ་ཅིང་དང་། དེ་མིན་རྒྱ་ནག་གི་ས་གནས་གང་ས་ནས་སྔ་རྗེས་སུ་འབྱོར་བའི་རྒྱ་རིགས་བཙན་བྱོལ་བ་མང་པོ་དང་ལྷན་དུ་མཇལ་འཛོམས་གནང་ཡོད་པ་དེ་ནི་བོད་རིགས་བཙན་བྱོལ་བ་དང་། རྒྱ་རིགས་བཙན་བྱོལ་བའི་དབར་གྱི་འབྲེལ་ལམ་ཟབ་ཏུ་འགྲོ་འགོ་ཚུགས་པ་ཞིག་ཡིན། ཚང་མས་མཁྱེན་གསལ་ལྟར། བོད་རིགས་ཀྱི་གནས་སྟངས་ཡིན་ནའང་འདྲ། རྒྱ་རིགས་ཀྱི་གནས་སྟངས་ཡིན་ནའང་འདྲ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ག་དུས་ཡིན་རུང་མི་མང་ཕྱོགས་སུ་བཞེངས་ཀྱི་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མཐའ་བར་གསུམ་དུ་རྒྱ་ནག་འདི་བཞིན་འཛམ་གླིང་ཀུན་གྱིས་བརྩི་བཀུར་ཐོབ་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་རྒྱུར་ཐུགས་རེ་ཆེན་པོ་གནང་གི་ཡོད། བོད་མི་མང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་བ་ཡིན་ན། བོད་འདི་རྒྱ་ནག་ནས་ཁ་བྲལ་དུ་མ་སོང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས། བོད་མི་རྣམས་ཀྱང་རྒྱ་ནག་མི་མང་དང་མཉམ་དུ་རང་དབང་དང་། མང་གཙོ། ཁྲིམས་ལུགས་དབང་ཛིན་བཅས་ཀྱི་ལམ་ལུགས་དང་། དངོས་པོའི་ཡར་རྒྱས་ལོངས་སྤྱོད་བྱེད་རྒྱུ་ཡིན་ཞེས་ཡང་ཡང་བཀའ་སློབ་སྩོལ་བཞིན་ཡོད།
མི་རབས་བརྗེ་པོ་ཐེབས་པ་དང་སྤྱི་ཚོགས་ཀྱང་འཕོ་འགྱུར་འགྲོ་གི་ཡོད་ཀྱང་། བོད་པའི་གཞོན་སྐྱེས་མི་རབས་ཚོས་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་ལོ་རྒྱུས་ཀྱི་དོན་ཆེན་དེ་བརྗེད་མེད་པ་དང་། ༡༩༨༩ ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དྲག་གནོན་བྱས་པའི་ལོ་རྒྱུས་བརྗེད་མེད་ལ། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་བོད་ས་ཡོངས་ལ་དྲག་གནོན་བྱས་པའོ་ལོ་རྒྱུས་དེ་བས་བརྗེད་མེད། རྒྱ་ནག་གི་གཞོན་སྐྱེས་མི་རབས་ཚོས་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་བརྗེད་མེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། དོན་རྐྱེན་དེ་བརྗེད་ན་འགྲིག་གི་ཡང་མ་རེད། དེ་ནི་རྒྱ་ནག་གི་གཞོན་སྐྱེས་མི་རབས་ཚོར་ལོ་རྒྱུས་ཀྱིས་སྤྲད་པའི་ལས་འགན་རེད། དེ་རིང་ང་གཏམ་བཤད་ལ་མགྲོན་འབོད་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་ལས་འགུལ་འཆར་གཞི་རྣམས་ལམ་ལྷོང་ཡོང་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཅེས་གསུང་ཡོད་པ་རེད། “དྲུག་བཞིའི་དོན་རྐྱེན་” བྱུང་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་སྐབས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འཆར་གཞི་གསལ་བསྒྲགས་བྱེད་པའི་གསར་འགོད་ཚོགས་འདུ་དེ་ནི་ཉིན་གུང་ཚོུད་ ༡༢ ཐོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་རྒྱ་གྲོང་ཕི་ལ་ཤིང་དུ་ཡོད་པའི་ཟ་ཁང་ཆེན་པོ་ཞིག་ནང་སྐོང་འཚོགས་གནང་ཞིང་། ཚོུད་གཉིས་པར་མཇུག་སྡོམ་གནང་ཡོད་པ་བཅས།།