༢༠༡༣ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཉིན་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་མངའ་སྡེ་གཞུང་དང་བོད་མིའི་སྒྲིག་ འཛུགས་ནང་སྲིད་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ཧི་མ་ལ་ཡའི་དུས་སྟོན་ཟབ་རྒྱས་ཤིག་ཚོགས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་ Virbhadra Singh མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག དེ་བཞིན་ས་གནས་དཔོན་རིགས་ཁག་བཅས་ཕེབས་ཡོད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དུས་སྟོན་དབུ་འབྱེད་དང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ཁག་ལ་གཟིགས་སྐོར་གནང་ཡོད།
འཕྲོད་བསྟེན་བཀའ་བློན་མཆོག་གིས་དུས་སྟོན་ངོ་སྤྲོད་ཀྱི་གསུང་བཤད་ནང་དུས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་དང་ཡུལ་ལུང་སོ་སོའི་རིག་གཞུང་མི་འདྲ་བ་དེ་དག་ས་གནས་གཅིག་ཏུ་མཉམ་འཛོམས་ཐོག་ནས་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་དེ་བཞིན་རིག་གཞུང་བརྗེ་ལེན་སོགས་ཀྱི་ཆེད་དུ་ཡིན་སྐོར་ངོ་སྤྲོད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་གི་ཕྱུག་པ་ཞིག་རེད་ཅེས་དང་། བཙན་བྱོལ་བོད་མི་ཚོར་རོགས་སྐྱོར་བྱེད་རྒྱུ་དང་།
ལྷག་པར་དུ་ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་ཞིག་སྤྲོད་རྒྱུ་ནི་ང་ཚོའི་ལས་འགན་རེད་། ངས་མི་ཚེ་འདིའི་ཐོག་བཙན་བྱོལ་བོད་མི་རྣམས་ཆེ་མཐོང་ལྡན་པའི་ཐོག་ནས་རང་ཡུལ་དུ་ཕྱིར་ལོག་ཐུབ་པའི་རེ་བ་དང་། སྨོན་ལམ་རྒྱག་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་ཡུན་རིང་ནས་བོད་མི་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་སྦྲགས་ཐེངས་འདིའི་དུས་སྟོན་བརྒྱུད་བཀྲིན་རྗེས་དྲན་ཡང་ཞུ་བཞིན་ཡོད། མངའ་སྡེ་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཟུང་འབྲེལ་ཐོག་ཧི་མཱ་ལ་ཡའི་དུས་སྟོན་འདི་ལྟ་བུ་གོ་སྒྲིག་ཞུ་ཐུབ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་ཡོང་ངེས་ཡིན།
དུས་སྟོན་འདི་བརྒྱུད་ནས་རྒྱལ་སྤྱིའི་མི་མང་ཚོར་ཡིད་དུ་འོང་བའི་ཧི་མཱ་ཅལ་མངའ་སྡེ་ཞི་བདེ་ལྡན་པ་འདིར་ཕེབས་རྒྱུའི་མགྲོན་བརྡ་བཏང་བ་ལྟ་བུ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དུས་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བཙན་བྱོལ་ནང་གི་འགྲུལ་བཞུད། ཅེས་པའི་བརྗོད་གཞི་ཁག་གཉིས་ཐོག་འགྲེམས་སྟོན་དང་། དེ་བཞིན་ཕྱི་དྲིལ་སྒྲ་བརྙན་ཚན་པས་བོད་ཀྱི་ལོ་རྒྱུས་སྐོར་བརྙན་འཕྲིན་བསྟན་པ་དང་། ཕྱོགས་མཚུངས་བོད་ཀྱི་སྨན་རྩིས་ཁང་གིས་བོད་སྨན་དང་། བོད་ཀྱི་གསོལ་མགྲོན་ཁང་ གིས་བོད་པའི་ཁ་བཟས། སིམ་ལ་བོད་མིའི་ལག་ཤེས་བཟོ་གྲྭས་རུམ་འཐག་དང་ཐོན་རྫས་ཁག རྡོ་རྗེ་བྲག་དགོན་པས་རྡུལ་མཚོན་དཀྱིལ་འཁོར་སོགས་འགྲེམས་སྟོན་རྒྱ་ཆེ་གནང་ཡོད།
དེ་ནས་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་དུ་ཆགས་པའི་འབྲུག་པ་དང་། ལ་དྭགས། འབྲས་ལྗོངས་བ། ཁུ་ནུ་བ། བལ་པོ། བོད་ཀྱི་ཟློས་གར་ཚོགས་པ་བཅས་ནས་ཡུལ་ལུང་སོ་སོའི་རིག་གཞུང་འཁྲབ་སྟོན་གནང་ཡོད། ས་གནས་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོས་དུས་སྟོན་ནང་མཉམ་ཞུགས་གནང་ཡོད་པས་སྐབས་དེར་བོད་དོན་དྲིལ་བསྒྲགས་ཀྱང་རྒྱ་ཆེ་བྱུང་ཡོད།
དེ་ཉིན་ཕྱི་དྲོ་སྲིད་སྐྱོང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གཏམ་བཤད་གནང་ཡོད།།