༢༠༡༣ ཟླ་ ༡༡ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨི་ཊ་ལིའི་ལྷོ་ཊི་རོལ་ South Tyrol རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོར་ Bolzano ཕེབས་འབྱོར་བྱུང་མཚམས། ཁུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་ Mr. Arno Kompatscher མཆོག་དང་མཇལ་འཕྲད་ཀྱིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་དང་ཏེ་རན་ཏོ་(Trento)རང་སྐྱོང་མངའ་ཁུལ་བཅས་ཀྱི་ནང་གྲོགས་པོ་རྙིང་པ་ཁག་གཅིག་ཐུག་འཕྲད་ཆེད་ཕེབས་ཡོད་སྐོར་སྲིད་འཛིན་འོས་འདེམས་བྱུང་བ་ཁོང་ལ་གསུང་མོལ་གནང་བ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞུས་ཡོད།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་ནས་སྐབས་དེར་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་གིས་ཡུན་རིང་ནས་བོད་དོན་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་སྐབས། སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་ནས་ཀྱང་སྐབས་དེར་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་མ་ཟད། ཁོང་གིས་ཕྱི་ལོ་ ༡༩༩༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མཇལ་སྐབས་ཁོང་རང་སྐབས་དེར་སློབ་ཕྲུག་ཡིན་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༤ ནང་༸གོང་ས་མཆོག་བྷོལ་ཛ་ནོར་ཆིབས་སྒྱུར་བསྐྱངས་སྐབས་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་སྐོར་སོགས་སྲིད་སྐྱོང་མཆོག་ལ་གསུང་མོལ་གནང་ཡོད།
ཉིན་དེའི་ཕྱེད་ཡོལ་སྲིད་སྐྱོང་མཆོག་ཁུལ་དེ་ནས་ཨི་ཊ་ལིའི་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་ཏེ་རན་ཏི་ནོ་རང་སྐྱོང་མངའ་ཁུལ་གྱི་ Trentino autonomous province རྒྱལ་ས་ཏེ་རན་ཏོར་ Trento ཕེབས་འབྱོར་སྐབས་ལྕམ་སྐུ་ས་རཱ་ཕེ་ར་རི་ Mrs. Sara Ferrari མཆོག་དང་མཇལ་འཕྲད་གནང་བ་མ་ཟད། རྒྱལ་སའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་བྷུ་རུ་ནོ་དོ་རིན་གྷ་ཊི་ Mr. Bruno Doringattiམཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ས་རཱ་ཕེ་ར་རི་མཆོག་ལ་ཊེ་རེན་ཊོ་རང་སྐྱོང་གཞུང་ནས་རོགས་སྐྱོར་གནང་བའི་རྒྱང་རིང་སྨན་བཅོས་དང་འཐུང་ཆུའི་ལས་གཞིའི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ལས་གཞི་འདི་དག་ལག་བསྟར་བྱེད་སའི་རྒྱ་གར་གྱི་ས་གནས་ཁག་ཏུ་གཟིགས་སྐོར་དུ་ཕེབས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༣ ཟླ་ ༥ ཟླ་མཇུག་ཙམ་ལ་བྷེང་ལོར་ནང་རྟེན་གཞི་བྱས་པའི་Telerad RXDX in Whitefield ཞེས་པའི་ཚོགས་པ་དང་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་དབར་རྒྱང་རིང་སྨན་བཅོས་ཀྱི་ལས་གཞི་དབུ་འབྱེད་གནང་ཡོད་སྐོར། ལ་དྭགས་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་འཐུང་ཆུའི་ལས་གཞི་འདི་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་ངོ་སྤྲོད་ཞུས་ཡོད།
ཐེངས་འདིར་སྲིད་སྐྱོང་མཆོག་བྷོལ་ཛ་ནོ་དང་ཏེ་རན་ཏོ་ཁུལ་དུ་ཕེབས་འབྱོར་གྱིས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་འཚེ་མེད་ཞི་བ་དང་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་སེལ་ཐབས་འབད་བརྩོན་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་གཉིས་ནང་གི་མི་མང་ཚོས་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པ་དེས་བོད་མི་ཚོས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ལ་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་ར་སྤྲོད་ཐུབ་བཞིན་ཡོད་སྐོར་གསུངས་པ་དང་། སྲིད་སྐྱོང་མཆོག་གིས་ད་ལྟ་བོད་ནང་གི་དངོས་ཡོད་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་པ་ལས་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པ་དང་། བོད་མི་ ༡༢༢ ཡིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་བོད་ཀྱི་རྒྱུག་ཆུ་ཁག་ལ་ཆུ་མཛོད་བརྒྱབ་པ་སོགས་ཀྱི་སྲིད་བྱུས་ལ་ཞི་རྒོལ་བྱས་ཡོད་སྐོར་སོགས་གསུངས་ཡོད།
དེ་བཞིན་སྲིད་སྐྱོང་མཆོག་དང་སྐུ་ཞབས་བྷུ་རུ་ནོ་དོ་རིན་གྷ་ཊི་མཆོག་མཇལ་འཕྲད་སྐབས་ཁོང་ནས་སྐབས་དེར་བོད་ནས་གནས་ཚུལ་ཐབས་སྐྱོ་བོ་དེ་འདྲ་མུ་མཐུད་ཐོན་བཞིན་ཡོད་པར་བརྟེན་ཁོང་ལ་བོད་ནང་གི་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་ཡོད་པ་དང་། ཏེ་རེན་ཏོ་དང་བོད་མིའི་དབར་འབྲེལ་བ་སྔར་བས་དམ་ཟབ་ཐོག་ལས་འགུལ་སྤེལ་འདོད་ཡོད་སྐོར་གསུངས། ཨི་ཊ་ལི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཉི་མ་དོན་གྲུབ་ལགས་ཀྱིས་སྲིད་སྐྱོང་མཆོག་བྷོལ་ཛ་ནོར་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་ཡོད། ཕྱི་ཚེས་ ༡༩ ཉིན་སྲིད་སྐྱོང་མཆོག་གིས་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌོན་ཝལ་ཌར་ Luis Durnwalder མཆོག་རྒྱལ་ས་བྷོལ་ཛ་ནོའི་གྲངས་ཉུང་མི་རིགས་ཐོབ་ཐང་སྲུང་སྐྱོབ་བསྟི་གནས་ཁང་དུ་མཇལ་འཕྲད་གནང་རྒྱུ་ཡིན་འདུག