༢༠༡༣ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་གོང་མའི་ལས་ཁུངས་སུ་ཕེབས་ནས་ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧེ་རི་རི་ཌི་མཆོག་དང་ Harry Reid མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་འབྱུང་འགྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ཤིང་ཊོན་དུ་ཆིབས་སྒྱུར་གྱི་མཛད་འཆར་སྐོར་སོགས་ཀྱི་ཐོག་གསུང་མོལ་མཛད། སྐབས་དེར་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་མཆོག་གིས་གསུང་དོན། ངོས་རང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཐེངས་འགའ་ཤས་མཇལ་མྱོང་ཡོད། ཁོང་ནི་ཕུལ་བྱུང་གི་སྐྱེ་བུ་ཞིག་ཡིན། དེང་སྐབས་བོད་ནང་དུ་བྱུང་བཞིན་པའི་གནས་ཚུལ་དེ་དག་བློ་ཕམ་བྱེད་དགོས་པ་ཆགས་ཡོད། ཅེས་གསུངས། སྲིད་སྐྱོང་མཆོག་ནས་ཀྱང་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་ལས་འགན་བཞེས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་དཀའ་ངལ་ཐོག་རྒྱལ་སྤྱིའི་དོ་སྣང་བསླེབས་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་ཆེད་འབད་བརྩོན་གང་ཡོད་གནང་དང་གནང་མུས་ཡིན་སྐོར་གསུངས།
མཇལ་འཕྲད་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་ཨུ་དཀར་ཚང་ལགས་དང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྲིད་བྱུས་སློབ་སྟོན་པ་བགྲེས་པའང་ལྷན་བཅར་ཞུས་ཡོད། ཐེངས་འདིའི་མཇལ་འཕྲད་དང་དེ་སྔ་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེཌ་རོཡེ་སི་ Ed Royce མཆོག་མཇལ་འཕྲད་གནང་བར་བརྟེན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཆབ་སྲིད་མི་སྣ་མཐོ་གྲས་ཕལ་ཆེ་བ་དང་མཇལ་འཕྲད་གནང་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ནང་དེ་སྔོན་ཕེབས་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཡི་ནར་ John Boehner མཆོག་དང་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosiམཆོག དེ་བཞིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཇོན་ཀེ་རི་ John Kerry མཆོག་བཅས་དང་མཇལ་འཕྲད་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཨ་རིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་དི་ཝལ་སི་ཊི་ཊི་ཇར་ནལ་ The Wall Street Journal གྱི་གསར་འགོད་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་བགྲེས་པ་གཉིས་དང་ཐུག་འཕྲད་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཇོ་ལི་བྷར་མན་ Senator Joe Lieberman མཆོག་དང་། ཨ་རིའི་ནིའུ་ཡོཀ་དུས་བབ་ The New York Times གསར་ཤོག་གི་རི་མོའི་གསར་འགོད་པ་སྐུ་ཞབས་ནོ་ཁོ་ལ་སི་ཀི་རི་སི་ཊོབ་ Nicholas Kristoff བཅས་དང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་གནང་མ་ཐག་སྐུ་ཞབས་ནོ་ཁོ་ལ་སི་ཀི་རི་སི་ཊོབ་ལགས་ཀྱིས་དྲ་རྒྱའི་ཐོག་ཊུ་ཝི་ཊར་བརྒྱུད་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བའི་མྱོང་ཚོར་རྣམས་བཀོད་དོན།
དེ་རིང་ངས་བོད་མིའི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཐུག་ནས་སྐད་ཆ་ཤོད་སྐབས་བོད་ནང་དུ་དེང་སྐབས་དམ་བསྒྲགས་ཆེ་རུ་འགྲོ་བཞིན་པའི་སྐོར་ཤེས་སྐབས་ང་རང་བློ་ཕམ་ཧ་ཅང་བྱུང་། ཞེས་བཀོད་ཡོད། དྲ་རྒྱའི་ཐོག་ཁོང་གི་འབྲི་རྩོམ་གཟིགས་མཁན་མི་གྲངས་ས་ཡ་གཅིག་ལྷག་ཡོད་འདུག
དེ་ཡང་སྲིད་སྐྱོང་མཆོག་དང་ཁོང་གི་སྒེར་དྲུང་འཇིག་མེད་རྣམ་རྒྱལ་ལགས། དེ་བཞིན་སྐུ་ཚབ་དོན་གཅོད་ཨུ་དཀར་ཚང་ལགས་ཝ་ཤིང་ཊོན་དུ་ཕེབས་མཚམས་ཝ་ཤིང་ཊོན་ས་གནས་བོད་རིགས་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་ཌི་སི་རུ་ཕེབས་མཚམས་ཝ་ཤིང་ཊོན་གྱི་གསར་འགྱུར་ཚན་པ་ཧུ་ཕིང་ཊོན་ The Huffington Post ཞེས་པའི་གཙོ་སྐྱོང་བ་ལྕམ་སྐུ་མཱ་རི་ཡཱ་ཨོ་ཏེ་རོ་ Maria Otero མཆོག་དང་ལྕམ་སྐུ་པོ་ལ་ཌོབ་བྷེ་རེན་སི་ཀི་ Paula Dobriansky མཆོག་བཅས་མཇལ་འཕྲད་གནང་ཡོད། ལྕམ་སྐུ་ཁོང་གཉིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུས་པ་གནང་མྱོང་ཡོད་པ་མ་ཟད། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་ཕྱག་ལས་གནང་མཁན་གྱི་མི་སྣ་གཙོ་གྲས་ཤིག་ཀྱང་ཆགས་ཡོད།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཛོ་ལོབ་གྷི་རིན་ Zoe Lofgren མཆོག་དང་མཇལ་འཕྲད་གནང་ནས་ཕྱི་མི་གནས་སྤོ་བྱ་རྒྱུའི་གནད་དོན་དང་འབྲེལ་བའི་སྐོར་ལ་གསུང་མོལ་གནང་ཡོད། དེ་ཡང་ཐེངས་འདིའི་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་མི་སྣ་མཇལ་འཕྲད་སྐབས་ཚང་མར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞི་བཅོལ་ཏེ་ནུས་ཤུགས་ཕྱོགས་སྒྲིལ་ Consolidation དང་། ལས་འགུལ། Action གྲོས་མོལ། Negotiations བཅས་ཀྱི་ཐབས་ལམ་ཐོག་བོད་དོན་འཐབ་རྩོད་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུའི་ལས་འཆར་གསར་པའི་ CAN སྐོར་ངོ་སྤྲོད་གནང་བ་བརྒྱུད་བོད་དོན་ཐོག་རྒྱབ་སྐྱོར་སྔར་བས་ཆེ་བ་ཐོབ་ཆེད་འབོད་སྐུལ་ཤུགས་ཆེ་ཞུས་ཡོད། སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༥ བར་རྒྱལ་ས་ཝ་ཤིང་ཊོན་དུ་ལས་དོན་སྤེལ་རྒྱུ་ཡིན་འདུག་པ་བཅས།།