༢༠༡༣ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པའི་ཉིན་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེ་ནས་ཁེ་ན་ཌར་གཞིས་སྤོས་སྐྱོད་མཁན་བོད་མི་ཆིག་སྟོང་ཡོད་ཁོངས་ནས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་ཐེངས་དང་པོར་བོད་མི་བཅུ་བདུན་ཡོད་པ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཁེ་ན་ཌར་མ་ཐོན་གོང་ལྡི་ལི་དོན་གཅོད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་རྣམ་པར་དམིགས་བསལ་ལམ་སྟོན་གསུང་བཤད་གནང་དོན། ཐོག་མར་ངས་ཁྱེད་རྣམ་པ་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ཁྱེད་རྣམ་པས་ཤེས་གསལ་རེད། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་སྒོ་ནས་བརྗོད་རྒྱུར། ཁྱེད་རྣམ་པ་ཁེ་ན་ཌར་སླེབས་རྗེས་ཡ་རབས་བཟང་སྤྱོད་གནང་དགོས་པ་མ་ཟད། ཡུལ་ཁྲིམས་འཁུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིན་ཐང་བྲལ་བའི་བཀའ་སློབ་སྩལ་བ་རྣམས་ངེས་པར་དུ་སྙིང་བཅངས་ཞུ་རོགས་གནང་བརྗོད་རྒྱུ་ཡིན། དེ་བཞིན་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོར་གཞིས་ཆགས་དང་སློབ་གྲྭ་གསར་འཛུགས་ཐུབ་པ་བྱུང་ཡོད། དེར་བརྟེན་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་མ་བརྗེད་པ་གནང་གལ་ཆེ། བོད་མིའི་སྒྲིག་འཛུགས་ནས་ཀྱང་ལས་གཞིའི་ཐོག་གང་ཐུབ་ཅི་ཐུབ་ཀྱིས་མཐུན་འགྱུར་བསྐྲུན་ཡོད་པ་རྣམས་ཁྱེད་རྣམ་པས་བརྗེད་ཀྱི་མ་རེད་ལ་མ་བརྗེད་པ་གནང་རོགས།
སྤྱིར་བཏང་ཐེངས་འདིའི་ལས་གཞིའི་ཁོངས་ནས་ཁྱེད་རྣམ་པ་གཞིས་སྤོས་སུ་ཐོག་མར་ཕེབས་མཁན་ཆགས་ཀྱི་ཡོད་པ་མ་ཟད། རིམ་བཞིན་ཨ་རུ་ཎ་ཅལ་མངའ་སྡེ་ནས་ཆིག་སྟོང་ཐམ་པ་ཕེབས་མཁན་ཡིན་པར་བརྟེན། གང་འདྲ་ཆགས་ཡོང་ངམ་སྙམ་པའི་སེམས་འཚབ་དང་རེ་བ་བྱེད་མཁན་མང་དག་ཅིག་ཡོད་ངེས་རེད། དེར་བརྟེན་ཁེ་ན་ཌའི་གཞུང་ནས་ཁྱེད་རྣམ་པར་ཏན་ཏན་གཟིགས་ངེས་རེད། ང་ཚོའི་ངོས་ནས་ཁྱེད་རྣམ་པས་ཡག་པོ་གནང་གི་རེད་བསམས་པའི་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད་པ་ལྟར་གནང་རོགས་ཞུ་རྒྱུ་ཡིན། རིམ་བཞིན་སྟོང་ཕྲག་གཅིག་ཡོད་པ་རྣམས་ལམ་ལྷོང་ལྡན་པའི་སྒོ་ནས་བསྐྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ་ང་ཚོས་ཀྱང་མཐུན་འགྱུར་གང་ཐུབ་བསྐྲུན་རྒྱུ་ཡིན། ཞེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་འདུག
ཐེངས་གཉིས་པ། ཕྱི་ཟླ་ ༡༢ པའི་ནང་དང་། གསུམ་པ། ཕྱི་ལོ་ ༢༠༡༤ ཟླ་ ༤ ནང་གཏོང་རྒྱུ་སོགས་རིམ་བཞིན་བོད་མི་ཆིག་སྟོང་རྣམས་ཁེ་ན་ཌར་གཞིས་སྤོས་སུ་གཏོང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་འདུག