༢༠༡༣ ཟླ་ ༡༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༥ རེས་གཟའ་མིག་དམར་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། སྦར་ཛིལ་ (Brazil) གྲོས་ཚོགས་འཐུས་མི་དང་སྦར་ཛིལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Walter Feldman མཆོག་དང་། སྦར་ཛིལ་གྲོས་ཚོགས་འཐུས་མི་དང་སྦར་ཛིལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Pastor Eurico མཆོག་རྣམ་གཉིས་རྡ་སར་ཆེད་ཕེབས་གནང་སྟེ་གོང་ཚེས་ཉིན་གྱི་སྔ་དྲོར་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་སྟེ་ཚོགས་གཞོན་མཆོག་ནས་བོད་མིའི་མང་གཙོ་འཕེལ་རིམ་དང་འབྲེལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ངོ་སྤྲོད་སྙིང་བསྡུས་དང་། བོད་ནང་གི་ཛ་དྲག་གནས་སྟངས་བྱུང་བཞིན་པ་ཁག་དང་། ཁྱད་པར་དུ་བོད་ནང་དུ་རྒྱ་མིའི་མི་འབོར་སྤོ་ཤུགས་དང་། བོད་ཀྱི་ཁོར་ཡུག སྐད་ཡིག ཆོས་ལུགས་བཅས་ཉམས་ཆག་འགྲོ་བཞིན་པར་སེམས་འཚབ་དང་རྒྱབ་ལྗོང་ངོ་སྤྲོད་གནང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་བཅས་ཐོག་བཀའ་མོལ་ལྷུག་པོ་གནང་ཡོད་ཅིང་།
ལྷག་པར་ཉེ་ཆར་ཀྲུང་དབྱང་ཏང་སློབ་ཀྱི་དགེ་རྒན་ཅིན་ཝེ་ཞེས་པས་ཧོང་ཀོང་རླུང་སྒྲ། ཞེས་པའི་དུས་དེབ་ནང་བཅའ་འདྲི་སྐབས་ཅིན་ཝེ་ནས་༸གོང་ས་མཆོག་དང་རྒྱ་གཞུང་དབར་ཕྱོགས་གཉིས་ནས་ལྷག་བསམ་དང་། དངོས་འབྲེལ། དགེ་ཚན་ལྡན་པའི་གྲོས་མོལ་གནང་དགོས་པ་དང་ཁོང་སྒེར་གྱི་ངོས་ནས་སླར་ཡང་གྲོས་མོལ་བྱེད་དགོས་སྐོར་གསུངས་པ་ལྟར་ན་དེ་དག་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད། སྐབས་དེར་སྐུ་མགྲོན་རྣམ་གཉིས་ཀྱིས་ཐུགས་སྣང་ཧ་ཅང་ཆེན་པོས་བོད་དོན་འཐབ་རྩོད་དང་། བོད་ནང་ཛ་དྲག་གནས་སྟངས་སྐོར་དྲི་བ་གནང་བར་ཚོགས་གཞོན་མཆོག་ནས་བཀའ་ལན་གནང་། སྐུ་མགྲོན་རྣམ་གཉིས་ཀྱིས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ༷འི་ཞལ་བཞེས་དང་སྤྱི་ལྷན་སྐུ་ཚབ་ (Brazil) ནང་ཕེབས་ཐུབ་པའི་མགྲོན་འབོད་ཀྱང་གནང་ཡོད། དེ་རྗེས་ངོ་བཞུགས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་མཇལ་འཕྲད་འཁྱུག་ཙམ་དང་སྐུ་པར་ལྷན་སྒྲོན་གནང་བ་བཅས་ཀྱི་གནས་བསྡུས་སུ།།