༢༠༡༣ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་ལེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་བཞིན་ཉིན་འདིའི་ཞོགས་པ་ཆུ་ཚོད་ ༨ པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ལེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁོང་རྣམ་པས་གཙོས་ཕྱི་ནང་གི་མི་མང་སྟོང་ཕྲག་བརྒལ་བར་ལམ་གཙོ་རྣམ་གསུམ་དང་སྒྲོལ་དཀར་གྱི་རྗེས་གནང་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གི་ཆོས་འབྲེལ་ཐོག་བཀའ་སློབ་སྩལ་དོན།
བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་གསུངས་ཡོད་པ་དང་། པཱ༌ལིའི་གཞུང་ནང་སྡེ་སྣོད་གསུམ། གང་ལྟར་པཱ་ལི་ཡིན་ནའང་འདྲ། ལེགས་སྦྱར་གྱི་ཆོས་བརྒྱུད་ཡིན་ནའང་འདྲ་སྡེ་སྣོད་གསུམ་གྱི་ཁོངས་སུ་མ་བསྡུས་པ་ཞིག་མེད། ཡིན་ནའང་པཱ་ལིའི་ནང་སྡེ་སྣོད་གསུམ་པོ་དེ་ཕལ་ཆེར་བདེན་བཞིའི་ཆོས་འཁོར་དང་འདྲེས་པ་ཞིག་རེད་འདུག འདུལ་བའི་སྡེ་སྣོད་ཀྱི་ཉམས་ལེན་དེ་དག་ཐེག་པ་ཆེ་ཆུང་གཅིག་པ་རེད་འདུག པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་སྡེ་པ་མི་འདྲ་བའི་དབང་གི་ཕྲན་བུ་མི་འདྲ་བ་ཡོད་ན་མ་གཏོགས་གཞན་གཅིག་པ་རེད་འདུག པཱ་ལིའི་དགེ་སློང་དང་ལྷན་ང་ཚོས་གོ་བསྡུར་བྱེད་རྒྱུ་བྱུང་ཡོད་ལ་དངོས་སུ་མཇལ་ཏེ་བཀའ་མོལ་རོབ་ཙམ་བྱེད་རྒྱུ་དེ་འདྲ་མང་པོ་བྱུང་ཡོད། ཚང་མ་གཅིག་པ་རེད་འདུག དེར་བརྟེན་འདུལ་བའི་གཞུང་དེ་ཧ་ལམ་གཅིག་པ་རེད་འདུག དེ་ནས་མདོ་སྡེའི་གཞུང་ནང་སྤྱིར་ཏིང་ངེ་འཛིན་སྐོར་དེ་དག་ཕལ་ཆེར་གཅིག་པ་རེད།
འོན་ཀྱང་ཏིང་ངེ་འཛིན་གྱི་རྣམ་གྲངས་མང་ཉུང་ལ་ཁྱད་པར་ཡོད། དེ་ནས་ཤེས་རབ་ཀྱི་བསླབ་པ་དེ་མངོན་པའི་སྡེ་སྣོད། དེ་ལ་ཕྲན་བུ་ཁྱད་པར་འདུག སྤྱིར་པཱ་ལིའི་གཞུང་ནང་གང་ཟག་གི་བདག་མེད་ཙམ་གསུངས་པ་མ་གཏོགས་ཞེ་དྲག་མེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་གྲུབ་མཐའ་བཞི་ཙམ་ཕྱེ་ཡོད། ཐེག་ཆེན་གྱི་གྲུབ་མཐའ་འམ་ཐེག་པ་ཆེན་པོའི་ལམ་ལ་བསླབ་རྒྱུའི་སྤྱོད་པ་དང་འབྲེལ་བའི་ཐོག་ནས་ལྟ་བ་གསུང་རྒྱུ་དེར་དབུ་སེམས་གཉིས་མི་འདྲ་བ་བྱུང་ཡོད། དབུ་མ་པ་དང་སེམས་ཙམ་པའི་ལྟ་བ་དེ་གཉིས་པོ་དེས་ཆོས་ཀྱི་བདག་མེད་གསུངས་ཀྱི་ཡོད། གང་ཟག་གི་བདག་མེད་ཀྱི་ཐོག་ལ་ཆོས་ཀྱི་བདག་མེད་ཅིག་གསུངས། དེ་གནད་འགག་ཆེན་པོ་རེད། ང་། ཞེས་བདག་ཏུ་འཛིན་པ་དེས་སྔོན་ལ་རང་ཉིད་བདག་ཏུ་འཛིན་པའི་བློ་ཞིག་སྐྱེས་ཀྱི་ཡོད། དེ་བཞིན་ལོངས་སུ་སྤྱད་བྱའི་ཕུང་སོགས་ཀྱི་ཆོས། དཔེར་ན། སོ་སོའོ་ཤེས་པ་བདེན་གྲུབ་རེད་བསམས་དྲན་རྒྱུ་དང་། དཔེར་ན། སེམས་ཙམ་པས་ཕྱི་དོན་དཀག་པ་ཡིན་ནའང་ཤེས་པ་བདེན་གྲུབ་ཏུ་འདོད་ཀྱི་ཡོད། དབུ་མ་པས་མར་གཞལ་བ་ཡིན་ན་ནང་ཤེས་པའི་མྱོང་ཚོར་ལ་བརྟེན་ནས་མྱོང་ཚོར་དེ་བདེན་པར་བརྩིས་ནས་དེ་ལ་ཨ་འཐས་ཀྱི་འཛིན་པ་ཞིག་བསླེབས་ཀྱི་ཡོད། དེ་ཕྱི་རོལ་དོན་དུ་མ་གྲུབ་པ་རེད་ལབ་པ་ཙམ་གྱིས་ཕན་རྒྱུ་མེད། སྤྱིར་གཟུང་འཛིན་གཉིས་སྟོང་གི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོད་ཀྱང་དེ་ཧ་ཅང་ཁག་པོ་རེད་འདུག
དེར་བརྟེན་གང་ལྟར་ལེགས་སྦྱར་གྱི་གཞུང་ནང་མངོན་པའི་སྡེ་སྣོད་དེ་ཧ་ཅང་རྒྱ་ཆེ་རུ་ཕྱིན་པ་རེད། གང་ཟག་གི་བདག་མེད་ཙམ་མ་ཟད་ཆོས་ཀྱི་བདག་མེད་གསུངས། ཆོས་ཀྱི་བདག་མེད་ལའང་ལེགས་སྦྱར་གྱི་གཞུང་ནང་ཕྲ་རག་མང་པོ་ཡོད་པ་ཞིག་ཐོན་གྱི་ཡོད། དེ་དག་གི་རྩ་བ་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའི་ནང་ཡོད་པ་ཞིག་རེད། དེ་དག་གིས་མདོའི་དགོངས་པ་རིག་པའི་ལམ་ནས་རྩལ་དུ་བཏོན་ནས་དཔྱིས་ཕྱིན་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་གཏན་ལ་ཕབ་པའི་གཞུང་དེ་དག་ཆགས་ཡོད།
གང་ལྟར་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་གཙོ་བོ་མཁན་སློབ་ཆོས་གསུམ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཕལ་ཆེར་ཁོང་རང་གི་ཡུམ་དེ་རྒྱ་མོ་རེད། དེ་དུས་སྔོན་མ་ཆོས་རྒྱལ་སྲོང་བཙན་གྱི་དུས་ནས་གཉེན་འབྲེལ་མཛད་ནས་ཐུན་མིན་གྱི་འབྲེལ་བ་ཡོད། དཔེར་ན། ང་རང་ཚོའི་ལྷ་སར་ཡོད་པའི་གཙུག་ལག་ཁང་གི་ཇོ་བོ་དང་། དེ་བཞིན་ར་མོ་ཆེར་ཡོད་པའི་ཇོ་བོ་དེ་དག་གང་ལྟར་རྒྱ་ནག་དང་བལ་ཡུལ་ནས་གདན་ཞུས་གནང་སྟེ་རྒྱལ་ས་བལ་ས་གཉིས་ཀྱིས་བསྣམས་ཕེབས་པ་ཞིག་རེད། སངས་རྒྱས་པའི་ཆོས་ཞིབ་ཚགས་པོའི་ཐོག་དར་སྤེལ་གནང་རྒྱུ་དེ་རྒྱ་ནག་ནང་སངས་རྒྱས་པའི་ཆོས། དེ་ཡང་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཀ་དར་ཞིང་རྒྱས་པ་གང་ཙམ་ཡོད། རྒྱ་ནག་བརྒྱུད་ནས་མིན་པར་རྒྱ་གར་ནས་ཐད་ཀར་བཞེས་རྒྱུའི་དགོངས་པ་བཞེས་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུས་གནང་ཡོད། ཞི་བ་འཚོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་འགལ་རྐྱེན་སེལ་རྒྱུར་སློབ་དཔོན་ཐུགས་རྗེ་ཅན་གདན་ཞུས་གནང་། སྦྱིན་བདག་ཆོས་རྒྱལ་གྱིས་གནང་སྟེ་མཁན་སློབ་ཆོས་གསུམ་ཞེས་ཡོངས་གྲགས་པ་དེ་ལྟར་བྱུང་བ་རེད། དེའི་ཐོག་ནས་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་སྲོལ་གཏོད་མཛད་ཡོད།
དེང་སང་དུས་རབས་ ༢༡ པའི་ནང་དཔལ་ན་ལེནྡྲའི་མཁས་པ་ཚོས་བརྩམས་པའི་གཞུང་མང་པོ་ཞིག་རྩ་བ་ཙམ་མ་ཟད། འགའ་ཤས་ཀྱིས་འགྲེལ་བའང་བློ་འཛིན་བྱེད་ཀྱི་ཡོད། གང་ལྟར་དེ་དག་ལོ་ནས་ལོ་བསྟུད་ནས་སློབ་སྦྱོང་བྱེད་མཁན་བོད་གཅིག་པུར་མ་གཏོགས་མེད་པ་གསལ་པོ་རེད། དེར་བརྟེན་ང་ཚོས་སྦྱངས་པའི་གཞུང་དེ་དག་ངོས་ཀྱིས་དུས་རྒྱུན་རྩེད་མོ་སྦྲགས་ཤོད་ཀྱི་ཡོད། རྟ་གྷ་རིའི་རྟ་དེས་མདུན་ལ་གང་མཐོང་བ་དེ་མ་གཏོགས་གཡས་གཡོན་ལ་ལྟ་རྒྱུ་མེད་པ་ལྟ་བུ་མིན་པར་ང་ཚོས་གཡས་གཡོན་ལའང་ལྟ་ཐུབ་པ་བྱས་ཏེ་ཕྱིན་ན། དཔལ་ན་ལེནྡྲའི་མཁས་པ་ཚོས་བརྩམས་པའི་གཞུང་དེ་དག་གིས་ང་ཚོའི་རྣམ་སྤྱོད་ཀྱི་བློ་མིག་ཕྱེ་སྟེ། རྣམ་སྤྱོད་ཀྱི་བློ་མིག་ཕྱེ་བ་དེས་ལྟ་སྐབས་དེང་སང་འཛམ་གླིང་འདིའི་སྟེང་གི་ཤེས་ཡོན་སྤྱི་དང་། ལྷག་པར་ཚན་རིག་གི་ཤེས་ཡོན་དངོས་གནས་དྲང་གནས་འཛམ་གླིང་འདིའི་སྟེང་ཡིས་སྨོན་སྐྱེ་ས་དང་ཆ་འཇོག་བྱེད་ས་ཆགས་ཡོད།
དེ་དག་ང་ཚོ་ནང་པའི་དཔལ་ན་ལེནྡྲའི་མཁས་པ་ཚོས་ལམ་སྟོན་གནང་བའི་གཞུང་དེ་དག་དང་འབྲེལ་ཡོང་དུས་དམིགས་བསལ་གྱི་དྲོ་བ་ཁ་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད། དེ་འདྲ་ཡིན་དུས་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་འདི་དུས་རབས་སྔ་རབས་གཅིག་གི་སྔ་མོའི་ལྟ་གྲུབ་ཅིག་ཡིན་པ་མ་ཟད། ད་ལྟ་དུས་རབས་ ༢༡ པ་དང་འབྲེལ་བ་ཡོད་པའི་ལྟ་གྲུབ་རླིང་པོ་ཞིག་ཆགས་ཡོད་པ་གསལ་པོ་ཆགས་ཡོད། དེ་ང་ཚོས་ཤེས་དགོས་རྒྱུ་ཞིག་རེད། འདི་རྩ་བ་ཆེན་རེད་ཅེས་བཤད་པ་ཙམ་གྱི་འགྲིག་གི་མེད། འདི་ཤེས་པ་བྱེད་རྒྱུ་དང་སྦྱང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་རབ་བྱུང་རྐྱང་རྐྱང་དང་དེའི་ནང་ནས་གཞུང་ཆེན་ལྟ་མཁན་བཤད་གྲྭ་བའི་སྐད་ཆ་མ་རེད། ཆོས་ལ་དད་པ་ཡོད་མཁན་སྐྱ་སེར་དབྱེ་བ་མེད་པས་ལྟ་དགོས་རྒྱུ་ཞིག་དང་། ཆོས་ལ་དད་པ་མེད་མཁན་ཚོ་ཡིན་ནའང་གཞུང་འདི་དག་གི་ནང་ནས་ལེགས་བཤད་བླངས་ནས་བློ་བསྐྱེད་ཆེན་པོ་ཡོང་རྒྱུ་ཞིག་གཏན་གཏན་ཡོད། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་འདི་དཔལ་ན་ལེཎྜི་ནས་བརྒྱུད་པ་ཞིག་རེད། གང་ལྟར་མིའི་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་སྨད་དུ་བྱུང་བ་ཞིག་རེད་འདུག བོད་གངས་ཅན་གྱི་ལྗོངས་ནང་མཁས་པའི་དབང་པོ་མང་པོ་ཞིག་བྱུང་ཡོད། དེ་དག་གིས་ཁུངས་གཏུགས་ས་རྒྱ་གར་མཁས་པའི་གཞུང་ཆགས་ཡོད། དེར་བརྟེན་ང་ཚོས་རྩ་བ་དེ་རྒྱུས་ཡོད་བཟོ་རྒྱུ་ཞིག་དང་། རྩ་བ་དེར་ཐོས་བསམ་སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རྩ་བར་དོ་སྣང་མ་བྱས་པར་རྩ་བ་ནས་སྐྱེས་པའི་ཡན་ལག་ཕྲན་ཚེགས་ཕྲན་ཚེགས་ཙམ་ལ་མགོ་འཁོར་ནས་བསྡད་པ་ཡིན་ན་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་མཚན་ཞེས་དབྱེ་བ་ཕྱེ་རྒྱུ་ཡོད་པས་ཡག་པོ་ཡིན། འོན་ཀྱང་དེ་ཙམ་གྱིས་ས་ཆོད་ཆེན་པོ་ཞིག་དང་གནམ་ཆོད་ཆེན་པོ་ཞིག་ཐོན་ཐུབ་རྒྱུ་ཁག་པོ་རེད།
བོད་གངས་ཅན་གྱི་ལྗོངས་ལ་འཇམ་དབྱངས་རྣམ་གསུམ་ཞེས་གསུང་སྲོལ་ཡོད། ཆོས་རྗེ་ས་པཎ། ཀུན་མཁྱེན་ཀློང་ཆེན་པ། འཇམ་མགོན་བླ་མ་གཙོང་ཁ་པ་བཅས་ཁོང་རྣམ་པ་གསུམ་ལ་འཇམ་དབྱང་རྣམ་གསུམ་ཞེས་གསུང་རྒྱུན་ཡོད། འདིའི་ནང་ནས་དེ་རིང་སྐབས་སུ་བབ་པ་འདི་རྗེ་རིན་པོ་ཆེའི་གསུང་ཆགས་ཡོད། རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་ཡོད་པ་དེ་དག་ང་ཚོས་ཡག་པོ་མཇལ་ན་དེའི་ནང་ཡོད་པ་རྣམས་གྲོང་ཆོག་རྒྱུག་རྒྱུ་དང་འདོན་པ་འདོན་རྒྱུའི་བཟོ་འདྲ་པོ་དེའི་རིགས་ཧ་ཅང་ཉུང་ཉུང་རེད། གསང་སྡེ་འཇིགས་གསུམ་གྱིས་མཚོན་པའི་བརྒྱུད་སྡེ་ཆེན་པོའི་རིགས་ཀྱི་ལྷའི་རྣལ་འབྱོར་སྒོམ་སྟངས་དེ་རིགས་ཡོད་པ་ལས་གཞན་མེད། དེ་དག་ཀྱང་སྒོམ་བྱ་གཙོ་བོར་བྱས་ནས་གསུངས་པ་ཆགས་ཡོད། དེ་མིན་པོ་ཏི་བཅོ་བརྒྱད་ཡོད་པ་དེ་དག་རྩ་མཇུག་གི་རྣམ་བཤད་གཉིས་ཀྱིས་མཚོན་པས་གཞུང་ཆེན་མོ་དེ་དག་ལ་འགྲེལ་བ་སྐྱོན་པ་ཆགས་ཡོད། དེར་བརྟེན་གསུང་དེ་དག་སྨད་དུ་བྱུང་བའི་ལེགས་བཤད་ཆགས་ཡོད།
འདི་ལྟ་བུའི་འཇམ་མགོན་བླ་མ་གཙོང་ཁ་པ་ཆེན་པོའི་སྐུ་ཚེའི་སྟོད་ཀྱི་སློབ་མ་འཁོར་དག་པ་རྣམ་བརྒྱད་ལ་སོགས་པ་དང་། དེ་ནས་སྐུ་ཚེའི་བར་དང་དེ་བཞིན་སྐུ་ཚེའི་སྨད་ཀྱི་སློབ་མ་ཞེས་སོ་སོར་ཡོད། དེའི་ནང་ནས་ཚ་བོ་དབོན་པོ་ངག་དབང་གྲགས་པ་ཞུ་མཁན་ཁོང་གིས་ཐོག་མར་རྗེ་རིན་པོ་ཆེའི་དྲུང་ནས་གསན་བསམ་སློབ་གཉེར་མང་པོ་མཛད། ཕྱིས་སུ་འཇམ་མགོན་བླ་མ་གཙོང་ཁ་པ་ཆེན་པོས་ལམ་སྟོན་མཛད་པ་ལྟར་ཤར་རྒྱལ་མོ་རོང་ལ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ཡོད། དེ་ལྟར་མཛད་དེ་བཞུགས་སྐབས་ཤིག་ལ་འཕྲིན་ཡིག་གི་ལམ་ནས་རྗེ་རིན་པོ་ཆེ་ལ་བསླབ་བྱ་ཞིག་གནང་སྐྱོང་ཡོང་བའི་སྙན་སེང་ཞུས་པ་ལྟར་རྗེ་རིན་པོ་ཆེས་དེའི་ལན་དུ་ལམ་གཙོ་རྣམ་གསུམ་འདི་མཛད་ཡོད། ཅེས་སོགས་ཀྱི་བཀའ་ཆོས་སྩལ་གྲུབ་རྗེས་་སྒྲོལ་དཀར་གྱི་རྗེས་གནང་བཀའ་དྲིན་ཆེ་བ་སྩལ་ཡོད།།