༢༠༡༣ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣ ཉིན་ཨོ་སི་ཊོ་ལི་ཡའི་ University of Technology, Sydney སི་ཌི་ནི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ནང་དུ་ཕྱི་སྡོད་བཙན་བྱོལ་རྒྱ་རིགས་སྤྱི་ཚོགས་ལ་ཕྱི་མིག་དང་རྒྱང་ལྟ་(Chinese Exiles in Australia: Retrospect and Prospect) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཞིག་སྐོང་ཚོགས་གནང་ཡོད། དེ་ཡང་ལྷན་ཚོགས་དེའི་ཐོག་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་དང་། སི་ཌི་ནིའི་ཁུལ་དུ་གནས་སྡོད་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། མང་གཙོ་དོན་གཉེར་བ། རྒྱུས་རྩལ་བ་སོགས་མི་གྲངས་ ༣༠ ལྷག་ལྷན་ཞུགས་གནང་ཡོད་།
ཐེངས་འདིའི་བགྲོ་གླེང་སི་ཌི་ནི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་དགེ་ཆེ་ཕང་ཆུང་ཡི་ Dr.Chong Yifeng ལགས་ཀྱིས་གོ་སྒྲིག་དང་གཙོ་སྐྱོང་གནང་བ་དང་། བགྲོ་གླེང་ཐོག་ཁོང་གིས་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ནའང་འཛམ་གླིང་གང་སར་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་དུས་འགྱུར་འདྲ་མིན་ལ་བརྟེན་ནས། ད་བར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་གྱིས་བྱ་སྤྱོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་མེད་ལུགས་སོགས་ངོ་སྤྲོད་གནང་ཡོད།
རྒྱ་རིགས་མཁས་དབང་ Dr.Jiang Jingzhong ཀྲུང་ཅིན་ཅང་ལགས་ཀྱིས་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བའི་འདས་ཟིན་པའི་ལོ་ངོ་ ༢༥ ལྷག་ནང་གི་དཀའ་སྡུག་དང་དར་རྒུད་ཀྱིས་བྱུང་རིམ་སོགས་ངོ་སྤྲོད་གནང་བ་མ་ཟད། ཁོང་གི་དམིགས་བསལ་བོད་དོན་སྐོར་གླེང་སྐབས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་འཛིན་པའི་སྲིད་བྱུས་དེ་བཞིན་ཕམ་ཉེས་སུ་ཕྱིན་ཡོད་པ་དང་། རྒྱ་ནག་གི་ཆེ་མཐོའི་ཆབ་སྲིད་མི་སྣ་ཁག་ཅིག་ནས་བོད་ཀྱི་གནད་དོན་དེ་བཞིན་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་སྐབས་སེལ་རྒྱུར་ཤིན་ཏུ་གལ་ཆེན་ཡིན་པའི་ངོས་འཛིན་གནང་གི་ཡོད་པར་བརྟེན། ཁོང་གིས་རྒྱ་ནག་གཞུང་གིས་གོ་སྐབས་ལེན་ཐུབ་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་ཡོད་།
རྒྱ་རིགས་བེུད་གྲགས་ཅན་རྩོམ་པ་པོ་སོན་པའོ་བྱང་Mrs.Bao Qiangsun ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་གང་ཡང་མེད་པར་བརྟེན། ངོ་རྒོལ་དང་སྐུ་ལུས་མེར་སྲེག་སོགས་ཀྱི་ཞི་བའི་འཐབ་རྩོད་གནང་གི་ཡོད། འོན་ཀྱང་རྒྱ་རིགས་མང་པོས་དྲ་རྒྱའི་ཐོག་བོད་མི་རྣམས་ལ་ཚིག་ངན་དམའ་འབེབས་གཏོང་བ་མཐོང་སྐབས་རང་ཉིད་རྒྱ་མི་རིགས་ཞིག་ཡིན་པའི་ངོས་ནས་རྒྱ་ནག་མི་མང་གི་ཀུན་སྤྱོད་དང་གཤིས་རྒྱུད་དེ་ལྟ་བུའི་ངན་རྩུབ་ཐད་སེམས་ཕམ་དང་སྐྱོ་སྣང་སྐྱེས་བྱུང་ཞེས་གསུང་བཤད་གནང་ཡོད་།
རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་འདིའི་ཐོག་བོད་ནང་གི་གནས་སྟངས་དང་ལྷག་པར་ཕྱི་ཟླ་ ༩ པའི་ནང་བོད་ནག་ཆུ་ས་ཁུལ་དང་ས་གནས་གཞན་བཅས་ལ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་རྒྱལ་དར་འཛུགས་དགོས་པའི་བཙན་བཀའ་བཏང་བ་དང་། རྒྱ་གཞུང་གི་དྲིལ་བསྒྲགས་བསམ་བློའི་སློབ་གསོ་བརྒྱབ་པ་སོགས་ལ་མང་ཚོགས་ཀྱིས་དང་ལེན་མ་བྱས་པར་བརྟེན། ཉེན་རྟོག་པ་དང་དམག་མིས་དྲག་གནོན་བྱས་པ་མ་ཟད་གང་བྱུང་འཛིན་བཟུང་དང་ཉེས་རྡུང་བཏང་ནས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་གནས་སྟངས་དང་།
དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་ཀྱི་སྐོར་སོགས་ངོ་སྤྲོད་དང་། རྒྱ་མི་རིགས་ཚོས་བོད་ནང་གི་བོད་མི་ཚོའི་རང་དབང་དང་ཐོབ་ཐང་། བོད་མི་ཚོས་དམྱལ་བ་མི་ཡུལ་དུ་ཡོད་པ་ལྟ་བུའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་རྣམས་མྱུར་དུ་སེལ་བར་བདེན་པའི་རྒྱབ་ལངས་དགོས་པའི་འབོད་སྐུལ་ནན་པོ་ཞུས་རྗེས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགྲེམས་སྤེལ་ཞུས་པའི་དབུ་མའི་ལམ་ཀྱི་ངོ་སྤྲོད་དང་། ༸གོང་ས་མཆོག་ནས་ཆབ་སྲིད་སྐུ་དབང་འོས་བསྡུ་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་རྒྱུའི་ཐད་ཀྱི་བཀའ་སློབ་རིམ་པ་གནང་བ་ཁག་ཕྱོགས་སྒྲིག་ཞུས་པའི་དེབ་ཆུང་སོགས་རྒྱ་རིགས་ཚོགས་བཅར་བ་རྣམས་ལ་འགྲེམས་སྤེལ་ཞུས་ཡོད་པ་བཅས།