༢༠༡༣ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ UN Human Rights Council གི་ཚོགས་མིའི་ཁོངས་སུ་རྒྱ་ནག་ཚུད་པར་བརྟེན་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྟོག་ཞིབ་ནན་པོ་གནང་སྟེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཀྱི་ཚད་གཞི་ཧ་ཅང་མཐོ་རུ་གཏོང་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་རེ་འདུན་ཤུགས་ཆེ་བཏོན་པའི་བསྒྲགས་གཏམ་དེའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༩།༢༠༡༠ ལོ་སོ་སོར་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ལས་འཆར་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་སྐབས་རྒྱ་ནག་གཞུང་གིས་འཛམ་གླིང་སྤྱི་མཚུངས་ལྟར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་ལྟ་གྲུབ་དེ་དག་ལག་བསྟར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཚུད་ཆེད་རྒྱ་ནག་གཞུང་གིས་ལྷན་ཁང་ལ་ཕུལ་བའི་ཁས་ལེན་ཡིག་ཆའི་ནང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་ཡང་བྱས་ཡོད།
འོན་ཀྱང་རྒྱ་ནག་གཞུང་གིས་དེ་སྔ་ཁས་ལེན་བྱས་པ་རྣམས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ནི་བོད་ནང་དུ་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་སོགས་ལ་དམ་བསྒྲགས་སྔར་བས་ཆེ་རུ་གཏོང་བཞིན་པ་དེས་གསལ་པོར་མཚོན་ཐུབ། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་རང་ལོ་ ༢༠ སོན་པའི་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དེས་བོད་ནང་གི་གཞིས་བཞུགས་བོད་མི་ཚོས་བོད་ནང་དུ་དངོས་ཡོད་གནས་སྟངས་ཇི་ཡིན་འཛམ་གླིང་ཕྱི་ལ་བརྡ་ལན་གསལ་པོ་བཏང་ཡོད། དེར་བརྟེན་ད་ཆ་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱེད་མཁན་མི་གྲངས་ ༡༢༢ ཆགས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་སེམས་ཚབས་ཆེན་པོ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་རང་གིས་ངོས་ལེན་བྱས་པའི་རྒྱལ་སྤྱིའི་ཁྲིམས་དེ་དག་ལ་བརྩི་བཀུར་ཞུ་ཐུབ་ཀྱི་མེད་པ་དུས་ནས་དུས་སུ་ར་སྤྲོད་གསལ་པོ་བྱུང་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པི་ལེ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནད་དོན་གསལ་སྟོན་གནང་བ་ཁག་གཅིག་ནི།
༡༽བོད་ཀྱི་ས་ཁུལ་ནང་རྒྱ་རིགས་ལས་མི་མངག་གཏོང་འོག་བོད་ཀྱི་དཔལ་འབྱོར་བཤུ་གཞོག་གཏོང་བཞིན་པ།
༢༽ བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བ་བརྒྱུད་གྲྭ་བཙུན་རྣམས་ལ་བཙན་དབང་བཏང་སྟེ་དམར་ཤོག་ཚོགས་པར་རྒྱབ་སྐྱོར་ཡོད་ཚུལ་དང་བོད་མིའི་ཆོས་ཀྱི་དབུ་ཁྲིད་༸སྐྱབས་མགོན་ཏཱ་ལའི་བླ་མར་མཚན་སྨད་ཞུ་འཇུག་བཞིན་ཡོད།
༣༽དཔལ་འབྱོར་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་མདུན་ལམ་གང་ཡང་མེད་པར་བོད་མི་འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པ།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཁས་ལེན་ཡིག་ཆའི་ནང་གང་འཁོད་པ་དེ་དག་བསམ་པ་རྣམ་དག་ཐོག་ནས་ལག་ལེན་ཚུལ་བཞིན་བསྟར་ཡོད་སྐོར་བརྗོད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་འབྲེལ་བ་གང་ལེགས་གནང་རྒྱུའི་དམ་བཅའ་བཞག་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ཆ་རྐྱེན་ལག་བསྟར་དོན་འཁྱོལ་ཡོང་ཆེད་མཐུན་འགྱུར་གང་ཡང་བྱེད་ཀྱི་མེད་པ་ནི།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྲུང་སྐྱོབ་རྩ་འཛིན་ཡིག་ཆ་དང་། རྒྱལ་སྤྱིའི་མནར་གཅོད་འགོག་ཐབས་ཀྱི་ཁས་ལེན་རྩ་འཛིན་དམ་ཡིག་གཉིས་ཀར་རྩིས་མེད་རྡོག་རོལ་གྱིས་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་དང་། སྡུག་སྦྱོང་མནར་གཅོད་ཧ་ཅང་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལྟའི་ཆར་བོད་མི་ཆབ་སྲིད་བཙོན་པ་གྲངས་ ༩༨༨ རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་མུས་ཡིན།
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པི་ལེ་ Navi Pillay མཆོག་རྒྱ་ནག་ཏུ་གདན་ཞུ་མ་ཐུབ་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་དམིགས་བསལ་ཁྱད་ལས་མི་སྣ་རྒྱ་ནག་ཏུ་འགྲོ་བསྐྱོད་ཆོག་པའི་རེ་འདུན་འདྲ་མིན་བཅུ་གཉིས་ཙམ་བཏོན་པར་རྒྱ་ནག་གཞུང་གིས་དང་ལེན་མ་བྱས་པ།
རྒྱལ་སྤྱིའི་མནར་གཅོད་དང་མི་རིགས་དབྱེ་འབྱེད་དམ་བསྒྲགས་ཚོགས་ཆུང་དང་རྒྱལ་སྤྱིའི་ཁ་ཟས་ཐོབ་ཐང་སྲུང་སྐྱོབ་ཀྱི་དམིགས་བསལ་ཚོགས་ཆུང་སོགས་ཀྱིས་བཏོན་པའི་ལམ་སྟོན་དང་བསམ་འཆར་རྣམས་ལག་བསྟར་བྱ་རྒྱུར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད།
གོང་འཁོད་གནད་དོན་དེ་དག་ཐོག་བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ནས་སྐྱོན་བརྗོད་གནང་རྒྱུ་དང་། རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་རྣམས་ལག་བསྟར་བྱེད་དགོས་པའི་རེ་འདུན་འདོན་རོགས་ཞེས་བོད་མིའི་སྒྲིག་འཛུགས་ཀྱིས་རེ་འདུན་ཤུགས་ཆེ་འདོན་པ་དང་སྦྲགས།
ད་སྐབས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ UN Human Rights Council གི་ཚོགས་མིའི་ཁོངས་སུ་རྒྱ་ནག་ཚུད་པར་བརྟེན་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྟོག་ཞིབ་ནན་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།།