༢༠༡༣ ཟླ་ ༡༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༥ པ་ཡས་མས་སུ་པདྨ་རྫོང་ཐོག་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་འདུག
དེ་ཡང་ཁོང་གིས་རང་ལུས་མེར་སྲེག་གནང་སྐབས་ཉེན་རྟོག་པ་དང་། དམག་མི་འབྱོར་ཏེ་མེ་བསད་ནས་ས་གནས་རང་དུ་སྐུ་གྲོངས་མེད་པ་དང་། ད་སྐབས་ཁོང་རྫོང་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབས་བྱེད་བཞིན་ཡོད་འདུག་ལ། སྨན་ཁང་ཡོངས་དམག་མིས་སྐོར་ནས་སྨན་ཁང་དུ་མི་མང་འགྲོ་རྒྱུར་བཀག་འགོག་བྱས་ཡོད་འདུག
དེ་རྗེས་ཇོ་ནང་ཨ་སྐྱོན་དགོན་གྱི་དགེ་འདུན་པ་དང་། ལྷ་སྡེ་སོགས་མི་མང་བརྒྱ་ཕྲག་ལྷག་དགོན་པར་འདུ་འཛོམས་བྱས་ཏེ། ཁོང་རྒྱ་དམར་ལག་ནས་ལེན་པར་རྫོང་ཐོག་གི་སྨན་ཁང་ནང་ལ་འགྲོ་རྒྱུའི་སྟ་གོན་བྱེད་བཞིན་ཡོད་འདུག་ལ། ད་སྐབས་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག
རྒྱལ་གཅེས་པ་ཚེ་རིང་རྒྱལ་ལགས་ནི་ད་ལོ་རང་ལོ་ཉི་ཤུ་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཤེར་ཕུན་དང་། མའི་མིང་ལ་རིན་སྒྲོན་ཡིན་འདུག ཁོང་ལ་སྤུན་མཆེད་གྲྭ་བདེ་ལེགས་དང་། ཆོས་དབྱིངས། མི་སྐྱ་སངས་བཟང་། ཨ་ནེ་ཁང་སྐྱིད། གང་མ། མཚོ་མོ། ཚེ་སྐྱིད་བཅས་སྤུན་མཆེད་བརྒྱད་ཡོད་པའི་ནང་ནས་ཁོང་ཆུང་ཤོས་ཡིན་འདུག