༢༠༡༣ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་ཐུབ་བསྟན་དབང་ཆེན་ལགས། སྒྲོལ་མ་ཚེ་རིང་ལགས། སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་བཅས་ཀྱིས་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་དང་ཕ་རན་སི་བཅས་ཀྱི་ནང་གཞུང་འབྲེལ་ལས་དོན་ཡོངས་སུ་སྤེལ་གྲུབ་བསྟུན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ནས་ ༡༢ བར་ཧོ་ལེན་ཌིར་ཕེབས་ཡོད། ཁུལ་དེར་བོད་མིའི་སྐུ་ཚབ་རྣམ་པས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གི་རོགས་སྐྱོར་གནང་མཁན་གྱི་སྦྱིན་བདག་ཁག ཧོ་ལན་ཌིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ལས་སྣེ་ཁག དེ་བཞིན་ཨེ་ཤི་ཡའི་ནང་རྟོག་ཞིབ་གནང་མཁན་ཧོ་ལན་ཊིའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ལས་སྣེ་རྣམས་དང་། ཧོ་ལེན་ཌི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་དང་ཚོགས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་ཡོད་པ་མ་ཟད། ས་གནས་བོད་རིགས་ཁག་གཅིག་དང་ཐུག་འཕྲད་གནང་ཡོད། གཞན་ཡང་ཧོ་ལེན་ཌིའི་རྒྱལ་ཡོངས་གསར་འགོད་པ་ཁག་གཅིག་གིས་བོད་མིའི་སྐུ་ཚབ་རྣམ་པར་དྲི་བ་དྲིས་ལན་གྱི་ལས་རིམ་བརྙན་འཕྲིན་དེ་དག་གསར་འགྱུར་བརྒྱུད་ལམ་འདྲ་མིན་ནང་བསྟན་ཡོད།
ལྷག་པར་སྤྱི་འཐུས་རྣམ་པས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་བརྒྱུད་ནས་འབྱུང་འགྱུར་ཧོ་ལེན་ཌིའི་སྲིད་བློན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་སྐབས་བོད་ཀྱི་གནད་དོན་གླེང་རྒྱུའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད། ཕྱོགས་མཚུངས་ཧོ་ལེན་ཌིའི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀྱིས་བོད་ནང་རང་ལུས་མེར་སྲེག་གིས་མཚོན་ཛ་དྲག་གི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ་དེར་ཧ་ཅང་སེམས་འཚབ་ཡོད་སྐོར་གསུངས་པ་མ་ཟད། བོད་རྒྱ་མི་རིགས་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་ཡུན་རིང་ལུས་པའི་བོད་ཀྱི་གནད་དོན་སེལ་རྒྱུར་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད། ཐེངས་འདིའི་བོད་མིའི་སྐུ་ཚབ་རྣམ་པས་ཧོ་ལེན་ཌིའི་ནང་ཞུ་གཏུགས་ལས་འགུལ་སྤེལ་རྒྱུར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རོགས་རམ་གནང་བ་དང་། ལས་འཆར་དེ་དག་སྐུ་ཚབ་དོན་ཁང་སོ་སོས་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཧོ་ལེན་ཌིའི་ནང་ལས་དོན་ཡོངས་སུ་སྤེལ་གྲུབ་བསྟུན་བོད་མིའི་སྐུ་ཚབ་རྣམ་པས་ཕྱི་ཚེས་ ༡༣ ཉིན་འཇར་མན་ Germany གྲོང་ཁྱེར་བྷར་ལིན་ Berlin དུ་ཕེབས་ཡོད།།