༢༠༡༣ ཟླ་ ༡༡ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ལྔ་ལས་གྲུབ་པའི་ཞུ་གཏུགས་ཚོགས་ཆུང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣ ནས་ཡོ་རོབ་རྒྱལ་ཁབ་སྦེལ་ལྗམ་དང་། ཧྥ་རན་སི། ཧོ་ལན་ཌི། འཇར་མན། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ལྔའི་ནང་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག་ཕྱོགས་བསྐྱོད་གནང་འགོ་བཙུགས་ཡོད།
དེ་ཡང་ཐོག་མར་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་བྷར་སེལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། སྦེལ་ལྗམ་ས་གནས་བོད་རིགས་ཚོགས་པ། གཞན་ཡང་བོད་དོན་རྒྱབ་སྐྱོར་བ་སོགས་ཚོགས་པ་ཁག་གི་ལས་སྣེ་རྣམ་པས་བོད་མིའི་སྐུ་ཚབ་རྣམ་པར་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད། དེ་རྗེས་ཆུ་ཚོད་ ༡༡ ཐོག་སྦེལ་ལྗམ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་དང་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་ལ་གོ་བསྡུར་ལྷུག་པོ་གནང་ཡོད།
ཉིན་དེའི་ཉིན་རྒྱབ་སྦེལ་ལྗམ་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་སོགས་ཚོགས་སྡེ་ཁག་གཞན་བཅས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་ཡོད། དེ་རྗེས་སྦེལ་ལྗམ་བོད་རིགས་མི་མང་རྒྱས་འཛོམས་ཐོག་བོད་རིགས་ཚོགས་པའི་ཚོགས་གཙོས་ཕེབས་བསུ་དང་ས་གནས་སྐུ་ཚབ་དོན་གཅོད་ཀྱིས་བོད་མིའི་སྐུ་ཚབ་རྣམ་པས་ཡུ་རོབ་གྲོས་ཚོགས་ནང་ཞུ་གཏུགས་ལས་དོན་སྤེལ་རྒྱུའི་སྐོར་གསུངས་བཤད་གནང་བ་དང་འབྲེལ།
སྤྱི་འཐུས་རེ་རེས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་སྙིང་བསྡུས་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་གལ་གནད་སྐོར། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར། ས་གནས་སུ་མི་མང་ནས་ལས་དོན་སྒྲུབ་ཕྱོགས་དང་དྲི་བ་དྲིས་ལན་བཅས་ཀྱི་གསུང་བཤད་གནང་ཡོད།
ཕྱི་ཟླ་ ༡༡ ཚེས་ ༤ སྔ་དྲོར་ཡུ་རོབ་སྤྱི་མཐུན་གྱི་ཡུ་རོབ་ས་ཁུལ་ལྷན་ཚོགས་ལས་ཁུངས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Branislav Stanicek མཆོག་གིས་ལྷན་ཚོགས་ཁང་དུ་སྣེ་ལེན་དང་འབྲེལ་ EU Comminitee of Regions ཞེས་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན་ངོ་སྤྲོད་གནང་རྗེས། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གི་བོད་མིའི་རྩ་དོན་སྒྲུབ་ཕྱོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་ཞུས་པ་དང་ཐེངས་འདིའི་ཞུ་གཏུགས་ཡིག་ཆ་ཁག་འབུལ་ལམ་ཞུས།
ཉིན་དེའི་ཉིན་རྒྱབ་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་ ༩༨ ལྷན་ཚོགས་ཀྱིས་བོད་ནང་ཛ་དྲག་གི་གནས་བབས་སྐོར་ལ་ཆུ་ཚོད་གཉིས་རིང་བཞུགས་མོལ་ཚོགས་འདུ་བསྐྱངས།
ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་ཡུ་རོབ་སྤྱི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་བཞི་དང་ལྷན་དུ་བོད་ནང་གི་གནས་སྟངས་ཛ་དྲག་དང་ལྷན་ཚོགས་དང་འབྲེལ་བའི་བོད་དོན་ཐོག་མ་འོངས་རྒྱབ་སྐྱོར་གནང་ཕྱོགས་ཀྱི་ལས་དོན་སྐོར་གོ་བསྡུར་ཞུས།
དེ་རྗེས་ཡུ་རོབ་སྤྱི་མཐུན་ཕྱི་སྲིད་ལས་ཁུངས་ European External Action Service དེའི་འགྲོ་བ་མིའི་ཐོབ་ཐང་གི་ཨེ་ཤི་ཡའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ས་བྷ་ཐིལ་མཆོག་དང་ཁོང་གི་ལས་རོགས་ལྕམ་སྐུ་མེན་ཌ་ལ་ལྷན་དུ་འདས་པའི་གནས་ཚུལ་བསྐྱར་ཞིབ་དང་། མ་འོངས་བོད་དོན་གླེང་ཕྱོགས་སྐོར་གོ་བསྡུར་ཟབ་གནན་ཞུས། ཉིན་རྒྱབ་སྦེལ་ལྗམ་དབུས་དང་ས་གནས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆེས་མཐོའི་མི་སྣའི་ལྷན་གོང་བཞིན་བོད་དོན་ཞུ་གཏུགས་དང་མ་འོངས་བོད་དོན་ཐོག་ལས་དོན་སྤེལ་ཕྱོགས་གྲོས་བསྡུར་ཞིབ་ལྷུག་ཞུས། ཕྱི་ཚེས་ ༦ སྔ་དྲོར་སྦེམ་ལྗམ་གྱི་ལས་རིམ་གྲུབ་སྟེ་ཧྥ་རན་སིར་ཐོན་པའི་གནས་བསྡུས་སུ།།